༄༅།།ཀུན་ཕན་བོད་ཀྱི་གློག་རྡུལ་དཔེ་ཀློག་དྲ་བ །

བུ་ཆུང་ཞིག་གི་མི་ཚེའི་སྐྱིད་སྡུག

རྩོམ་པ་པོ - རྨ་ཆུའི་བདེ་ལེགས།

ཁོ་བོ་འཇིག་རྟེན་འདིར་ཐོན་མ་ཐག་ཏུ། གཞན་དང་འདྲ་བར་ཕ་མ་དང་མིང་སྲིང་ལྷན་དུ་འཛོམས་ཤིང་མི་ཚེའི་གཉོམ་ལག་ཉིན་རེ་ནས་ཉིན་རེར་རྒྱས།ལས་དབང་ལ་གཡོལ་ཐབས་མེད་པ་ཟེར་བ་ལོས་བདེན། ལོ་ངོ་བདུན་གྱི་ཡར་སྔོན་དུ། ཁྱིམ་ཚང་དེ་ལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་བྱུང་སྟེ། ཁྱིམ་མི་དང་གཉེན་ཉེ་ཚང་མ་ཁ་འཐོར་དུ་བཏང་། དངོས་གནས་དོན་དེས་ཁོ་ཚང་གི་ཁྱིམ་མི་ཡོངས་ལ་བཟོད་བསྲན་མེད་པའི་རྨ་ཁ་ཞིག་བཞག་སོང་།

སྒྲོལ་མ་ད་དུང་མོ་ལོ་ཉེར་དགུ་ལས་སོན་མེད་ལ། སྐྱེས་གཟུགས་ནམ་མཁའི་ལྷ་མོ་ལ་འགྲན་ཞིང་། ཐུགས་རྒྱུད་ཀྱང་བལ་ལས་འཇམ།ཁོ་མོ་གཉེན་སྒྲིག་པའི་དུས་སྔ་ཡང་།ཁོ་མོའི་སྒེག་ཉམས་དེ་ད་དུང་སྔར་བཞིན་མཆིས། ཁོ་མོ་ནི་སྡེ་བའི་ནང་གི་གསར་བུ་མང་ཆེ་བའི་རྨི་ལམ་ནང་གི་མཛའ་མོར་གྱུར་ཡོད།ཁོ་མོའི་སྐྱེས་པ་དེ་ཞི་དུལ་བག་ཕེབས་ཞིག་ཡིན་ལ་སྐད་ཆ་མང་པོ་བཤད་རྒྱུར་དགའ་བོ་མེད་པའི་མི་ཞིག་ཡིན།ཁོང་ཚང་ལ་བྱིས་པ་གཅིག་ཡོད་པའི་མིང་ལ་དོན་གྲུབ་ཟེར། དོན་གྲུབ་ཆུང་དུས་རིག་པ་རྣོ་ཞིང་ཡ་རབས་ཚུལ་ལྡན་གྱི་བྱིས་པ་ཞིག་ཡིན། དབྱར་ཁར་རུ་སྤར་ནས་རྨ་ཆུའི་འགྲམ་རྒྱུད་ཀྱི་ལུང་བ་ཞིག་ནས་བསྡད་ཅིང་།ས་ཆ་དེའི་རི་ཆུ་ནགས་གསུམ་གྱི་མཛེས་ལྗོངས་ནི་བིཤཱ་ཀརྨའི་སྨྱུག་རྩེ་ལས་ཐོན་པ་ནང་བཞིན་མཛེས་ཤིང་སྡུག རྨ་ཆུའི་ཕ་རོལ་ནི་སྐར་ཚོམ་ལམ་མེར་འཕྲོ་བའི་རྫོང་མཁར་ཞིག་ཡིན། གཞུ་དབྱིབས་ཅན་གྱི་ཟམ་པ་དེར་གནའ་བོའི་བཟོ་བཀོད་ཀྱི་ཉམས་ལྡན་ཞིང་།མང་ཚོགས་ཀྱི་བགྲོད་ལམ་ལ་སྟབས་བདེ་བཟོ་བཞིན་ཡོད།སྒྲོལ་མ་ནི་ནམ་རྒྱུན་ཟམ་པ་གཞུ་དབྱིབས་ཅན་དེ་བརྒྱུད་ནས་རྫོང་མཁར་ལ་སྨན་རྩྭ་འཚོང་དུ་འགྲོ་བཞིན་ཡོད་ཅིང་། སྨན་རྩྭ་ཉོ་མཁན་གྱི་སྦྱིན་བདག་དེའི་སྐྱེས་གཟུགས་ཡག་ལ་སྤྱོད་པ་གཙང་མ་ཞིག་ཡོད་པ་སྒྲོལ་མས་བློར་བབས་ནས་འགུག་ཅི་ཐུབ་བྱས།སྒྲོལ་མ་ཆུང་དུས་ནས་ད་བར་དུ་འབྲོག་པའི་འཚོ་བ་རོལ་ཡང་། འབྲོག་པའི་འཚོ་བར་སྔ་མོ་ནས་ཞེན་པ་ལོག་བཞིན་ཡོད། ཁོ་མོ་ཕྱིར་ཡུལ་ལ་ལོག་ཐེངས་རེར་སྐྱེས་པས་རང་ཚོད་ཀྱིས་ཟ་མ་གང་ཞིམ་དང་གོས་གང་ཡག་བྱིན་ཡང་ཁོ་མོའི་སེམས་སུ་སྐྱིད་སྣང་ཞིག་མ་ཤར། དུས་ཡུན་མི་རྟག་སྐད་ཅིག་གློག་དང་འདྲ་ཟེར་བ་ལོས་བདེན། ཉིན་ཞིག་སྒྲོལ་མ་རྫོང་མཁར་ལ་སྨན་རྩྭ་འཚོང་དུ་སོང་ནས་ཉིན་འགའ་ལ་ཕྱིར་མ་ཡོང་། སྐྱེས་པས་བཙལ་ཡང་མ་རྙེད་པས་ཕྱིར་ཡོང་ནས་སྡེ་བའི་གསར་བུ་ཚོར་འཚོལ་རོགས་བྱེད་རྒྱུའི་གྲོས་བྱས་ཏེ་སྡེ་དཔོན་གཙོར་བྱས་འཚོལ་དུ་སོང་ཀྱང་མ་རྙེད་པས། ལ་ལས་གཞན་གྱི་བསད་སོང་བ་ཡིན་ནམ་ཟེར། ཡང་ལ་ལས་བཙན་ཁྲིད་བྱས་པ་ཡིན་ནམ་ཟེར། ཟླ་གཅིག་འགོར། ་་་་་    ལོ་གཅིག་འགོར་སོང་།  སྒྲོལ་མའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མ་བྱུང་། སྡེ་མི་རྣམས་ཀྱིས་ཕལ་ཆེར་ཤི་སོང་ཞེས་མགྲིན་གཅིག་ཏུ་བཤད་ཀྱང་། སྐྱེས་པ་དེར་ཡིད་མ་ཆེས་པར་བསྡད། སྡེ་དཔོན་དང་སྡེ་མི་ཚོས་ཡང་ཡང་ཁ་བརྡ་སློབ་གསོ་བྱས་མཐར་ཁོས་ཆུང་མ་གསར་བ་ཟིག་བག་མར་བསུས། ཐོག་མར་དོན་གྲུབ་ཀྱི་དང་ལེན་མི་བྱེད་ཀྱང་ཡུན་གྱིས་ཕན་ཚུན་འདྲིས་ནས་དང་ལེན་བྱས། དོན་གྲུབ་སྔ་མོ་ནས་སློབ་གྲྭར་འགྲིམ་བཞིན་ཡོད་ཅིང་། ཁོ་སློབ་སྦྱོང་ལ་བཟང་ཞིང་སློབ་གྲོགས་བར་ལ་མཐུན་སྒྲིལ་བྱེད་པའི་སློབ་མ་གཤིས་བཟང་ཞིག་ཡིན། འོན་ཀྱང་། ཨ་ཕ་དང་མ་ཡར་གྱི་ཐེངས་གཅིག་མིན་གྱི་བཟའ་འཁོན་དེས་ཁོར་སུན་སྣང་སྐྱེས་སུ་བཅུག  ཁོ་རང་སློབ་གྲྭའི་ངལ་གསོ་ཐེངས་རེར་ཡུལ་ལ་མི་འགྲོ་བར་རྒྱ་སྲང་དུ་ཉུལ་ནས་སྡོད་ཀྱིན་ཡོད།ཨ་ཕས་སེམས་ཁུར་ཚད་མེད་བྱེད་ཀྱིན་ཡོད་ལ་རྒྱ་སྲང་དུ་འཚོལ་བར་འགྲོ་བསམ་ཀྱང་ཆུང་མས་མ་མངགས་པས་ཅི་བྱ་གཏོལ་མེད་དུ་གྱུར།

དོན་གྲུབ་ཨ་ཁུ་གྲགས་པ་ཡོད་སར་སོང་ནས་ཨ་ཕའི་དོན་དག་ཡོད་ཚད་ཇི་མ་ཇི་བཞིན་བཤད་པས། ཨ་ཁུ་གྲགས་ཁོངས་ཁྲོ་ལངས་ཏེ"རབས་ཆད་མྱི་སྐྱག་དེ"དེ་ཟེར་བཞིན་སྒོར་བུད་ཅིང་། མྱུར་མོར་རྟ་ལ་སྒ་བརྟད་དེ་ཨ་ཕའི་གམ་དུ་སོང་། དགོང་མོ་དེར་ཨ་ཁུ་གྲགས་པ་ཕྱིར་མ་ཐོན་པས་བན་ཕྲུག་དང་དོན་གྲུབ་གཉིས་སྔ་མོ་ནས་གཟིམས་ཟིན། ཕྱི་ཉིན་སྔ་མོར་ཨཁུ་གྲགས་པའི་གདོང་སྐྱ་བོོར་གྱུར་ཅིང་། ཤུགས་རིང་ཞིག་འབྱིན་བཞིན"ངོ་མ་གདོན་གྱིས་བསླུས་འདུག"ཟེར་བཞིན་ཐོན་བྱུང་། དོན་གྲུབ་ཀྱིས་བྲེལ་འཚུལ་སྒོས་དོན་ཅི་བྱུང་སོང་ཟེར། ཨ་ཁུ་གྲགས་པས"མྱི་སྐྱག་དེ" ཆུང་མའི་ཁར་བརྒྱུགས་ནས་ངོ་མ་མྱི་མ་རེད། ད་ནས་བཟུང་ཁྱོ་ད་འདི་སྡོད་དང་ངེད་གསུམ་པོས་ཁ་སོས་ནི་རེད། དོན་གྲུབ་ཉིན་འདི་དག་ལ་དགོན་པའི་ཁོར་ཡུག་དང་གྲྭ་བའི་བྱ་སྤྱོད་ལ་དུངས་བ་ཟབ་མོ་ཞིག་སྐྱེས་པས་ཁོ་ཡང་གྲྭ་བ་བྱེད་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས། དོན་དེ་ཨ་ཁུ་གྲགས་པར་བཤད་པས་ཨ་ཁུ་གྲགས་པ་དགའ་སྤྲོ་ཆེན་པོའི་ངང་ནས་ཁྱེད་ལ་འདུན་པ་ཡོད་ན་རེ་བ་ལོས་སྐོང་།ལོས་སྐོང་ཟེར།དེ་ནས་ཉིན་འགའ་འགོར་རྗེས་དོན་གྲུབ་ཆོས་སྒོར་ཞུགས་ཏེ་མི་ཚེའི་ལམ་སྣེ་གསར་བ་ཞིག་ལ་འགྲོ་མགོ་བརྩམས། དེ་ལྟར་དོན་གྲུབ་ར་ལོ་ལྟར་ཆོས་འཆད་ཉན་གྱི་ལམ་ལ་རྣམ་པར་ཞུགས་ཏེ་དགེ་ཚུལ་གྱིས་སྡོམ་པ་ལོ་དེའི་དབྱར་ཁར་བཞེས།

  འཇིག་རྟེན་གཏམ་གྱི་ཁ་དཔེ་ལ"ཕོ་བློ་མང་གི་དགྲ་མི་ཐུབ། མོ་བློ་མང་གི་གནས་མི་འཁྱོངས"ཞེས་པ་ལྟར་ལོ་མང་བོ་ཞིག་མ་འགོར་བར་ར་ལོ་ལྟར་སྐྱ་སར་བབས། ཨ་ཁུ་གྲགས་པ་ཁོངས་ཁྲོ་ལངས་ནས་ཁོར་ཁ་ཡང་མ་གྲག་པས་དོན་གྲུབ་ཨ་ཕའི་སར་མི་འགྲོ་ཀ་མེད་བྱུང་། འོན་ཀྱང་ཨ་ཕའི་འཚོ་བ་སྔར་ལྟར་ཐབས་རྡུག་པོ་ཡོད་པས་ཁོ་རང་བློ་ཕམ་ཡིད་ཆད་སྒོས་ཁྱིམ་ཚང་ཞིག་ཏུ་མག་པར་འདུག་ས་བཙལ།དོན་གྲུབ་ད་དུང་ཕོ་ལོ་བཅོ་བརྒྱད་པ་སོན་མ་ཐག་པའི་ལང་ཚོ་དར་ལ་བབས་པའི་སྒང་ཡིན་པས་ཟླ་འགའ་ལས་མ་འགོར་བར་ཁོ་འབྱོར་བ་འབྲིང་ཙམ་ཡིན་པའི་ཁྱིམ་ཚང་ཞིག་ཏུ་མག་པར་བསྡད། ཐོག་མར་ཁོ་ལས་ལ་བརྩོན་ཞིང་ཆུང་མ་དང་ཁྱིམ་མཚེས་སོགས་ལ་འགྲིག་མཐུན་ངང་སྡོད་ཤེས་པའི་མི་སེམས་ཤེས་ཤིག་ཏུ་ཡིན་སྟབས་སྡེ་མི་ཚང་མའི་བསྟོད་པའི་མཐེ་བོང་བསྒྲེངས་སར་གྱུར།ཡིན་ནའང་ལོ་གཅིག་ལྷག་མ་འགོར་བར་རིམ་བཞིན་གདོན་གྱིས་བཟུད་བ་ལྟར་དུ་བ་འཐེན་པ་དང་ཆང་འཐུང་བ། རྒྱལ་འཇོག་པ་སོགས་བྱ་སྤྱོད་ངན་པ་སྣ་ཚོགས་བྱས་པས། བཟའ་མི་གང་བོས་ཁོ་རང་སྒོར་ཕུད། འཇིག་རྟེན་གཏམ་དཔེར་མུ་གེའི་སྟེང་ལ་ཟླ་ལྷག་ཟེར་བ་ནང་བཞིན་དོན་གྲུབ་ཀྱི་ཨ་ཕ་ཡང་མ་ཡར་དང་གཉེན་འཐོར་ཟིན་པས་ཁོ་ཕ་བུ་གཉིས་མི་རྐྱང་གི་གྲས་སུ་ལྷུང་། ཁོ་གཉིས་ཀྱིས་བསགས་པའི་རྒྱུ་ནོར་ཡང་མང་བོ་མེད་པས་གཅིག་རེ་གཉིས་རེ་བྱས་ནས་བཙོང་ཚར་གྱིན་ཡོད།དོན་གྲུབ་དང་ཨ་ཕ་གཉིས་ཀྱིས་གྲོས་བསྡུར་བྱས་རྗེས། དོན་གྲུབ་སླར་ཡང་སློབ་གྲྭར་མངགས་རྒྱུ་ཐག་བཅད་ཀྱང་བསླབ་གཞི་མང་བོ་ཞིག་མི་ཤེས་པའི་ཁར་ཁོ་གཟུགས་རིང་འཛིན་གྲྭའི་ནང་གི་ལོ་ན་ཆེས་ཆེ་བ་ཡིན་པས།སློབ་གྲོགས་ཚང་མས་ཁོ་ལ་གཟུགས་རིང་གཟུགས་རིང་ཞེས་འབོད། དེ་ལྟར་མི་ལོ་གསུམ་འགོར་རྗེས་དོན་གྲུབ་སློབ་འབྲིང་ལ་འགྲོ་རན་པས་ཨ་ཕས་སྔ་མོ་ནས་གྲོན་ཆུང་བྱས་པའི་སྒོར་མོ་དེ་དག་དོན་གྲུབ་ཀྱི་སློབ་ཡོན་ལ་སྤྲད།དོན་གྲུབ་ཀྱང་སྔོན་དང་མི་འདྲ་བར་མི་གཤིས་བཟང་ཞིང་དུ་ཆང་གི་འཚོ་བ་ལ་མི་རོལ་བའི་སློབ་མ་ཚུལ་ལྡན་ཞིག་ཏུ་གྱུར་བ་དང་། བུ་ཆུང་དོན་གྲུབ་ཀྱིས་ཁ་ཏ་ཡང་ཡང་བྱས་མཐར་ཡང་ཆུང་མ་གསར་བ་ཞིག་བླངས།དེ་སྔོན་ཆད་ཀྱི་ཆུང་མ་དག་དང་མི་འདྲ་བར་གཤིས་དྲང་རྒྱུད་འཇམ་ཞིག་ཡིན།མོའི་བྱ་བ་ཅི་ཞིག་བསྒྲུབ་ཀྱང་ནན་ནན་ཏིག་ཏིག་གིས་བསྒྲུབས།འོན་ཀྱང་མོའི་རྣ་བའི་དབང་བོས་སྐབས་ལ་ལར་གསལ་བོར་མི་གོ་བས་མཚམས་རེར་བཟའ་འཁོན་ཅུང་ཟད་རེ་ཡང་བྱེད་ཀྱིན་ཡོད།  ཡིན་ནའང་དོན་གྲུབ་སློབ་འབྲིང་ལོ་རིམ་གཉིས་པ་ལ་ཐོན་པ་ནས་བཟུང་སློབ་སྦྱོང་ལ་མི་བརྩོན་པའི་ཁར་རྒྱུན་པར་སློབ་གྲྭའི་སྒྲིག་ལམ་ལ་འགལ་བཞིན་ཡོད། བཟང་ཆ་གཅིག་ནི་ཁོས་དུ་ཆང་གི་འཚོ་བ་ལ་གཏན་ནས་མི་རོལ། དེ་ལྟར་སློབ་གྲྭ་ནས་ཉི་མ་འགྲོ་ཐབས་དང་ཐང་མ་བརྡལ་ཐབས་བྱས་མཐར། དགེ་སློབ་ཀུན་གྱི་གླེང་གཞི་རུ་གྱུར་སོང་།ཐེངས་ཤིག་ལ་ཁོས་ལུས་རྩལ་ར་བར་སྤོ་ལོའི་རྩེ་བའི་སྐབས་སུ་ཚོད་མ་ཐུབ་པར་སློབ་གྲོགས་བུད་མེད་ཅིག་གི་མགོར་སྤོ་ལོས་བརྒྱབ་ནས་ས་ལ་འགྱེལ་དུ་བཅུག ཁོ་བྲེལ་འཚུབ་ཀྱི་ངང་མྱུར་མོར་བུ་མོ་དེ་ཡར་བསྐྱོར་ནས"ཐུགས་རྒྱལ་མ་བཞེངས" "ཐུགས་རྒྱལ་མ་བཞེངས" ང་ལན་པ་ཡིན་ཞེས་དྲིས་པ་ལ་བུ་མོ་དེ་ངོ་ཚ་ནས” སྐྱོན་མེད”ཟེར་བཞིན་བུད་སོང་།ཉིན་དེ་ནས་བཟུང་དོན་གྲུབ་དང་བུ་མོ་དེ་གཉིས་འཕྲད་ཐེངས་རེ་ལ་ཕན་ཚུན་མིག་བརྡ་སྟོན་གྱིན་གདའ།དུས་དེ་ནས་བཟུང་ཁོ་གཉིས་ཀྱི་འབྲེལ་བ་དེ་རྒྱུན་ལྡན་ཞིག་མ་ཡིན་པར་ནམ་རྒྱུན་འཕྲད་ཀྱི་འདུག  དོན་གྲུབ་བུ་མོ་དེར་དུངས་བ་ཟབ་མོ་ཞིག་སྐྱེས་ནས་ཆུང་མར་ལེན་འདོད་ཀྱི་བསམ་པ་དྲག་པོ་སྐྱེས།བུ་མོ་དེའང་རིམ་བཞིན་དོན་གྲུབ་སྟེང་ལ་བརྩེ་བ་ཟབ་མོ་ཞིག་ཆགས་པས་མཐའ་མར་གྲོས་བསྡུར་བྱས་ཏེ་ཡུལ་གཞན་ཞིག་ལ་འགྲོ་རྒྱུ་ཐག་བཅད།

ཉིན་འགའ་འགོར་རྗེས་དོན་གྲུབ་དང་བུ་མོ་དེ་གཉིས་སློབ་གྲྭའི་སློབ་བྱོལ་སློབ་མར་གྱུར་སོང་།དེ་ལྟར་སེམས་ཐག་བཅད་དེ་ཁོ་གཉིས་ཐོག་མར་ཞོར་ལས་བྱ་རྒྱུ་ཐག་བཅད་ནས་ཁྱིམ་མི་དང་ཡུལ་མི་སུས་ཀྱང་མི་ཤེས་པའི་ས་ཆ་ཞིག་ལ་བྲོས། ཏག་ཏག་ལོ་ངོ་གསུམ་གྱི་རིང་ལ་དེ་ལྟར་ཞོར་ལས་བྱས་ནས་བསྡད་དེ་ཁོ་གཉིས་ལ་བུ་ཞིག་ཀྱང་སྐྱེས། དོན་གྲུབ་ཀྱིས་བུའི་མིང་ལ་ཡུར་གྱར་བ་ཞེས་བཏགས།ཁོ་གཉིས་ཕྱི་ནས་ལོ་གསུམ་ལྷག་འགོར་ཡང་ཕ་མའི་སྐད་ཆ་ཅི་ཡང་ཐོས་ཐུབ་མེད་པས་ཕ་ཡུལ་ལ་འགྲོ་རྒྱུ་ཐག་བཅད།དེ་ལྟར་ཉིན་ཞག་གཉིས་ཀྱི་མེ་འཁོར་ལ་བསྡད་དེ་ཕ་ཡུལ་ལ་འབྱོར། ཕ་ཡུལ་སྔར་བས་དར་རྒྱས་སུ་ཕྱིན་ཡོད་ལ་གྲོགས་པོ་དང་གཉེན་ཉེ་ཚང་མ་ཡང་སྔོན་དང་མི་འདྲ་བར་ལང་ཚོའི་མེ་ཏོག་བཞད་ཡོད།དོན་གྲུབ་ཡུལ་ལ་ལོག་པ་ན་སྔོན་ཆད་རང་ཁྱིམ་ཡོད་ས་དེར་ཁྱིམ་ཚང་གཞན་ཞིག་བསྡད་ཡོད་པ་མཐོང་རྗེས”ཨ་ཙི”ཅི་བྱུང་སོང་ངའི་ཁྱིམ་་་་་ཞེས་ཟེར་བཞིན་ངག་ཀྱང་མ་འཁྱོལ། དོན་གྲུབ་བྲེལ་འཚུབ་ངང་ནང་དུ་འཛུལ་བ་ན་ཁྱིམ་ནས་རྒན་པོ་ཞིག་ཕྱིར་ཐོན་པས་དོན་གྲུབ་ཀྱིས་ཅི་བྱུང་ཞེས་དྲིས་པ་ན།རྒན་པོས་དོན་དག་གི་མགོ་མཇུག་བར་གསུམ་གསལ་བོ་བཤད་རྗེས་དོན་གྲུབ་ཀྱིས་ཤུགས་ཆེན་པོས་ཐོད་པ་ས་ལ་བརྒྱབ་ནས་ཨག་སྐད་འདེབ་བཞིན་”ཨ་ཕ་བུ་ཆུང་ང་མྱི་མ་རེད་ཅེས” ཟེར་བཞིན་དྲན་པ་བརྒྱལ་སོང་།  

ཕྱི་ཉིན་དྲན་པ་ལས་སད་ཅིང་བྱང་ཐང་གི་མཐའ་མི་མངོན་པའི་རྩྭ་ཐང་ལ་ཁེར་ལབ་བྱེད་བཞིན་ཆུ་རྨ་ཆུའི་གཡང་གཟར་ཞིག་ལས་སྐྱོ་གདུང་གི་གླུ་དབྱངས་ཡང་ཡང་བླངས་ནས་ཚེ་སྲོག་གི་དབྱངས་རྟའི་སྙན་འགྲོས་གཡང་གཟར་གྱི་གད་ཁ་དེ་ལས་ཞུ་མཆིད་དང་རྫོགས་ཚིག་བཀོད།  དོན་གྲུབ་དེ་ལྟར་བུད་སོང་། དོན་གྲུབ་ཀྱི་ཨ་ཕ་ཡང་དེ་ལྟར་བུད་སོང་། ཐ་ན་གཞན་གྱིས་བཤད་ན་དོན་གྲུབ་ཀྱི་ཆུང་མས་ཀྱང་བུ་ཡུར་གྱར་བ་རུམ་སྟེ་དེ་ལྟར་བུད་སོང་ཟེར། གང་ལྟར་འདི་ནི་མི་བུ་ཞིག་གི་མི་ཚེ་གང་གི་མངར་སྐྱུར་གྱི་འཚོ་བའི་སྤྱི་འགྲོས་ཡིན།

རྨ་ཆུའི་བདེ་ལེགས།

རྨ་ཆུའི་བདེ་ལེགས་སམ་མེ་ལྕེ་དམར་པོ་ནི་གོ་བཞི་ལོའི་སྟོན་མཇུག་ཅིག་ལ་རྨ་ཆུའི་ཆུ་ཁ་མ་ཞེེས་པའི་འབྲོག་སྡེ་ཆེན་པོ་ཞིག་ཏུ་ངུ་ངག་གི་དབྱངས་རྟ་ཐོག་མར་བསྒྲགས། ཆུང་དུས་ཡབ་ཀྱི་མདུན་ནས་ཀ་ཁ་བསླབས་ཏེ། རིམ་བཞིན་སློབ་ཆུང་ནས་སློབ་འབྲིང་། མཐོ་འབྲིང་འགྲིམ་རྗེས་ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་རྩིས་འཁོར་གྱི་ཆེད་ལས་ལ་གཞོལ་གྱིན་ཡོད། "དགའ་ཕྱོགས་ཀྱིས་ངའི་ཡོད་ཚད་ལ་བདག་བཟུང་བྱས་པས" སྙན་ངག་གྱེར་འདོན་དང་གར་སྟེགས་མདོ་འཛིན། པར་ལེན་སྒྱུ་རྩལ། སྐད་སྒྱུར། གླུ་དབྱངས་སོགས་ནི་རང་གི་ལམ་བྲོ་བཞིན་རུམ་དུ་བཅུག་སྟེ་རྒྱང་རིང་གི་ལམ་ཁར་འཛུམ་གྱིས་སྐྱོད་ཀྱིན་ཡོད།  མཐོ་གཉིས་ནས་བཟུང་རྩོམ་རིག་དང་སྙན་ངག་གྱེར་འདོན་གྱི་ལམ་ལ་ཞུགས་ཏེ་དྲྭ་ལམ་དགོང་ཚོགས་ཆེ་མ་ཆུང་གསུམ་གྱི་འགྲན་སྡུར་དང་ཡུལ་དངོས་འགྲན་སྡུར་སོགས་སུ་ཞུགས་ཏེ་གྲུབ་འབྲས་མི་དམན་པ་རེ་ཐོབ་མྱོང་། མཐོ་གཉིས་ཀྱི་སྐབས་སུ་《སྒེའུ་ཡོལ་དཀར་པོ།》 ཞེས་པའི་སྒེར་དེབ་ཅིག་ཀྱང་མི་ཡུལ་དུ་སྐྱེས་སུ་ཕུལ་མྱོང་ལ་ཚོར་བའི་ང་རོ་ཚང་གིས་མཉམ་དུ་བྲིས་པའི་《ཚོར་བའི་ང་རོ》ཞེས་པའི་དེབ་ཅིག་ཀྱང་པར་བསྐྲུན་བྱས་མྱོང་།བཅུ་བདུན་ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་རའི་སྙན་ངག་གྱེར་འདོན་ཁྲོད་དུ་ཨང་དང་པོ་དང་ཆེས་དགའ་བསུ་ཐོབ་པའི་གྱེར་འདོན་པར་བདམས། ད་དུང་༼ཨ་མདོ་བརྙན་འཕྲིན༽ཁང་གི་༼ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན༽ཞེས་པའི་ལེའུ་བཅུ་བའི་ནང་དུ་རང་ཉིད་ཀྱིས་བྲིས་པའི༼ཨ་མ།༽ ཞེས་པ་གྱེར་འདོན་བྱས་ཤིང་། བཅོ་བརྒྱད་ལོའི་ཟླ་བདུན་པར་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་༼ལང་ཚོའི་གཤོག་པ༽ཞེས་པའི་གྱེར་འདོན་ལས་ཨང་དང་པོ་དང་། ཨ་ལོང་རྟགས་མའི་བོད་ཀྱི་གྱེར་འདོན་འགྲན་སྡུར་གྱི་ལྷུག་རྩོམ་འགྲན་སྡུར་ལས་ཨང་གསུམ་པའི་བྱ་དགའ་ཐོབ་མྱོང་། ཀན་ལྷོ་ཁུལ་སྙན་ངག་གྱེར་འདོན་ཁྲོད་བྱ་དགའ་ཨང་གསུམ་པ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་གསེར་གྱི་སྐད་སྦུག་རྟགས་མའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང། སློབ་རའི་གླུ་བ་བཅུའི་གྲས་སུ་ཡང་ཚུད་ཡོད། ད་ལྟ་རྟ་རྒྱུག་མདོ་འཛིན་དང་གར་སྟེགས་མདོ་འཛིན། གཉེན་སྟོན་མདོ་འཛིན་སོགས་བྱེད་ཀྱིན་ཡོད།

གལ་ཏེ་སྐུ་ཉིད་གྱི་རྩོམ་ཡིག་འདི་རུ་འགོད་འདོད་པའམ།ཡང་ན་ངེད་དྲ་ཚིགས་ལ་བསམ་འཆར་གང་ལེགས་འདོན་པ།དེ་མིན་བརྡ་ཁྱབ་དང་མཉམ་འབྲེལ་སོགས་བྱེད་ན་གོང་གི་བཤེར་རིས་ལ་ཕྱགས་འགོད་བྱས་ཆོག

ཀུན་ཕནབོད་ཀྱིགློག་རྡུལ་དཔེ་ཀློག་དྲ་བ།

更盼藏文电子阅览网

འབྲེལ་གཏུག་བྱེད་ཡུལ།

ཁ་པར - 13099301523

ཡིག་ཟམ - gengpanbook@yeah.net

མཛའ་འབྲེལ་དྲ་བ།

གངས་ལྗོངས་འབྲེལ་མཐུད་དྲ་བ།

གཡས་འཁྱིལ་ལས་སྒྲུབ་ཁང་།

བདག་དབང་ཡོད་ཚད་ངེད་ཀུན་ཕན་བོད་ཀྱི་གློག་རྡུལ་དཔེ་ཀློག་དྲ་བར་དབང་བས་གཞན་གྱིས་བརྒོལ་མི་རུང་།

版权所有更盼藏文电子阅览网@Tutti i diritti riservati gengpan tibetano - Reading di Rete

www.gengpanbook.com 隆ICP备18100102