༄༅།།ཀུན་ཕན་བོད་ཀྱི་གློག་རྡུལ་དཔེ་ཀློག་དྲ་བ།

མཐོ་སྒང་གི་བོད་པ་རྣམས་ཀྱིས་སོ་ནམ་སྤེལ་ཚུལ་རགས་བསྡུས

རྩོམ་པ་པོ - སྐལ་བཟང་འཚོ།

དུས་ཚིགས་བཞི་ཡི་མཛེས་སྡུག་གི་གོམ་སྟབས་ཁྲོད་ན།དཔྱིད་ཐོག་མའི་སྦྲང་ཆར་གྱི་དངོས་གྲུབ་གསར་སྐྱེས་ཀྱི་མྱུ་གུར་འགྲོགས་ཡོད།དབྱར་གཞུང་གི་མེ་ཏོག་ཁུ་བྱུག་གི་གསུང་སྙན་ལ་བསྡེབས་ཡོད། སྟོན་གྱི་འབྲས་བུ་དུས་ཀྱི་ཕོ་ཉས་བཏེགས་ཡོད།  དགུན་གྱི་ཁ་བའི་མེ་ཏོག་དགུང་སྔོན་དབྱིངས་ནས་གར་གྱིས་བསྐྱོད་ཀྱིན་ཡོད། མཐོ་སྒང་ན་འཚོ་ཞིང་གནས་པའི་རོང་འབྲོག་དམངས་ཚོགས་ཀྱང་དུས་བཞིའི་དགའ་སྐྱོ་ལ་འགྲོགས་ནས་སོ་ནམ་གྱི་ལས་ཀ་སྤེལ་བཞིན་ཡོད།གཤམ་དུ་མཐོ་སྒང་བོད་པ་རྣམས་ཀྱིས་སོ་ནམ་སྤེལ་ཚུལ་རགས་བསྡུས་ཤིག་ངོ་སྤྲོད་བྱ། 

དང་པོ།  ཐོག་མའི་སྟ་གོན།

སྤྱིར་ཀུན་གྱིས་བསྔགས་པའི་མེ་ཏོག་གཏོར་ས་། རི་མཐོ་ས་གཙང་གི་དག་ཞིང་། མཐའ་བཞི་གངས་ཀྱིས་སྐོར་བའི་ཞིང་ཁམས། འཛམ་གླིང་གི་ཡང་རྩེ། སཱ་ལའི་སྨན་ལྗོངས།  མཐོ་བ་ཉི་ཟླ་དང་སྐར་མར་འདྲེས་པའི་ཡུལ་གྲུ། གནས་མཆོག་འདི་ལ་དབྱེ་ན་སྟོད་དུ་མངའ་རིས་སྐོར་གསུམ། བར་དུ་དབུས་གཙང་རི་བཞི། སྨད་དུ་མདོ་ཁམས་སྒང་དྲུག ཡུལ་རྒྱ་ཆེ་བ་ཆུ་བོ་ཀུན་གྱི་མགོ་ཁུངས།འདིར་འཚོ་ཞིང་གནས་པའི་མི་རིགས་དེ་ལ་ཐུན་མོང་མ་ཡིན་པའི་སོ་ནམ་སྤེལ་ཚུལ་གྱི་ལུགས་སྲོལ་དང་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད།  ནམ་ཟླ་དང་ས་བབ་ཀྱི་མཐོ་དམའ་མི་འདྲ་བའི་དབང་གིས།་སྟོད་དུ་ས་བབ་ཅུང་མཐོ་ལ།ཞིང་འདེབས་པའི་དུས་ཅུང་ཕྱི་བ་དང་།སྨད་དུ་ས་བབ་ཅུང་དམའ་བས་ཞིང་འདེབས་པའི་དུས་ནི་སྟོད་ཀྱི་ས་ཆ་ལས་ཅུང་སྔ་བ་ཡིན །ས་ཆ་ཕལ་ཆེ་བ་ཞིག་གིས་དགུན་དུས་ལུད་གསོག་ནས་དཔྱིད་འགོ་མའི་ལོ་ཏོག་འདེབས་པར་གྲ་སྒྲིག་བྱེད་ལ། རྒྱ་ནག་གི་དྭངས་གསལ་དུས་ཆེན་ཀྱི་སྔོན་ལ།  ལུད་དེ་སླེ་བོའི་ནང་དུ་བསྡུས་ནས་ཁུར་བའམ་ཡང་ན་ཤིང་རྟ།མཛོ་གཡག་སོགས་ལ་བཀལ་ནས་ཞིང་ནང་དུ་སྐྱེལ་བཞིན་ཡོད་ལ།དེང་གི་ཚན་རྩལ་གྱི་དུས་རབས་སུ་ལུད་དེ་འཕྲུལ་འཁོར་ནང་དུ་སྐྱེལ་བཞིན་མཆིས། ཡིན་ནའང་།ལ་ལས་སྐབས་ཐོག་དེར་ལུད་ཐད་ཀར་ཞིང་ནང་དུ་མི་གཏོང་བར།ཕུང་བོ་ཆུང་ཆུང་མང་བོ་བྱས་ནས་རླུང་བསེར་བུའི་འཁྱེར་འགྲོ་བའམ་ཡང་ན་དགུང་ཉི་མའི་ཚ་དྲོད་འོག་སྲེག་ནས་མི་སྐམ་པའི་ཆེད་དུ་སྟེང་དུ་ས་ཅུང་ཙམ་གཏོར་ནས་བཞག་སྲོལ་ཡོད།ཡང་ལ་ལས་དེ་ལྟར་ལུད་སྔ་མོར་ཞིང་ཁར་མི་སྐྱེལ་ཏེ་ཞིང་འདེབས་པའི་ཉིན་གཉིས་གསུམ་གྱི་སྔོན་ལ་ཞིང་སར་ཐད་ཀར་ལུད་འཇོག་སྲོལ་ཡོད་པ་དང་།བུད་མེད་རྣམས་ཀྱིས་ཞིང་ནང་གི་རྡོ་དང་ཞིང་མཐའི་རླུང་དང་བསེར་བུའི་ཁྲོད་ནས་འཁྱེར་ཡོང་བའི་རྩྭ་རྩི་ཤིང་སོགས་གཙང་སེལ་བྱེད་ནས་ཞིང་ས་འདེབས་པར་སྟ་གོན་བྱེད་བཞིན་མཆིས།

གཉིས་པ།  ཐོང་ཁ་ཕྱེ་བའི་ཉིན་མོ།

རང་རང་གི་དད་མོས་དང་རང་བྱུང་ཁོར་ཡུག་གི་ཁྱད་ཆོས་ལྟར། རང་གི་ས་ཆའི་བཀྲ་ཤིས་ཉི་བཟང་སྐར་བཟང་གི་ཉིན་མོ་ཞིག་འདེམ་ནས།སྐྱེས་པ་རྒན་དར་གཞོན་གསུམ་གྱིས་ཤུག་པ་དང་སྤེན་མ་སོགས་རྩི་ཤིང་གི་རིགས་དང་། བསང་རྩམ་ལ་གཙོ་བོ་རྩམ་པ་དང་ཕྱེ།མར་སོགས་བསྲེས་ཏེ་སྤྱོད་ཅིང་།རབ་ཡིན་ན་དཀར་གསུམ་མངར་གསུམ་སོགས་ཀྱང་བསྲེས་ནས་མཆོད་རྫས་གཙང་མས་བསང་མཆོད་ཀྱི་ལྷ་གསོལ་ཆོལ་ག་བྱེད་དེ། གོང་བླ་མ་སངས་རྒྱས་བྱང་སེམས་ནས་འོག་གི་ས་བདག་གནས་བདག་བར་གྱི་ལྷ་ཚོགས་ཀུན་ལ་བསྟོད་པའི་ངག་གི་མཆོད་ཅིང་ལོ་ལེགས་འབྱུང་བའི་སྔོན་འགྲོའམ་བཀྲ་ཤིས་ཁ་གཡང་འབོད་པ་ཡིན་ལ། རྨོ་འདེབས་ཀྱི་ས་བོན་མཛོད་ནས་ལེན་དུས་ཆ་རྒྱུས་མེད་པའི་མི་ལ་འཛེམ་པ་དང་། ཐོང་ཁ་ཕྱེ་བའི་ཉིན་མོ་དེར་ནང་མི་སྤུན་ཟླ་དང་ཁྱིམ་མཚེས་གཡས་གཡོན་ཀུན་ཏུ་ཁ་འཛིང་སོགས་མི་བྱེད་ལ།གཞན་ད་དུང་རྨོ་ཕྱུགས་རྨོན་དོར་ལ་གཅར་རྡུང་དང་སྡིག་དམོད་སོགས་མི་བྱེད་པར།“གཡང་བླ་བོ”ཞེས་ཁ་གཡང་གི་འབོད།  སྐྱེས་པ་རྣམས་ཀྱིས་ས་བོན་གཏོར་ཞིང་རྨོན་དོར་གཉིས་ཀྱིས་ཞིང་ས་རྨོས་པ་དང་།སྐྱེས་མ་རྣམས་ཀྱིས་སྤོ་ཐོ་རྡུང་བའམ་མཛོ་གཡག་གི་སྣ་ནས་བཟུང་དེ་སྣེ་ཁྲིད་པ་སོགས་རྨོ་འདེབས་ཀྱི་ལས་འདི་ལྟར་བྱེད་དོ།

གསུམ་པ། ཞིང་ཁའི་དོ་དམ།

ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས། ས་ཆ་སོ་སོའི་ཞིང་བ་རྣམས་ཀྱིས་ལོ་ཏོག་ཡག་པོ་ཞིག་སྐྱེས་འཚར་འབྱུང་བར་འགན་ལེན་བྱ་ཆེད། མྱུ་གུ་སྐྱེས་འཚར་གྱི་ཆེས་གནད་འགག་གི་དུས་སྐབས་བཟང་བོ་དམ་འཛིན་བྱེད་པ་དང་།ད བྱར་དགུན་སྟོན་དཔྱིད་ཀྱི་ཞིང་ཁའི་མཛེས་སྡུག་སེམས་ལ་བསྙོར་ཏེ།གསར་སྐྱེས་ཀྱི་རེ་བའི་མྱུ་གུ་ལ་གཅེས་སྐྱོང་བྱེད་པ་དང་། སད་སེར་དང་ཐན་སྐམ་སོགས་འགོག་པའི་ཆེད་དུ། ཆོས་སྐོར་རྒྱག་པ་དང་ཆར་ཕབ་པ་སོགས་ཀྱི་ལུགས་སྲོལ་ཡོད་ལ། ཡུར་མ་ཡུར་བ་ནི་འབྲས་ལྡན་གྱི་ལོ་ཏོག་གསར་སྐྱེས་འབྱུང་བའི་ཐོག་མའི་སྔོན་འགྲོ་ཡིན། ཡུར་མ་ཡུར་བའི་སྐབས་སུ་ཞིང་ལས་ཡོ་བྱད་བཟང་ངན་ཆེ་ཆུང་གང་ཞིག་ཡིན་རུང་ཆག་གྲུམ་ལ་བལྟ་བ་དང་། ལོ་ཏོག་ལ་སྙེ་རྡོག་ཅུང་ཙམ་ཐོག་པ་ནས་བཟུང་།ཞིང་བར་དུ་རྩྭ་ལྡུམ་འབྲེག་པ་དང་སྡོང་བོ་གཅོད་པ་སོགས་གང་རུང་ལ་འཛེམ་པ་ཡིན།ཞིང་ས་གྲུ་བཞིའི་ལྗང་བུ་རེ་རེ་དང་ཉི་ཐིགས་རེ་རེ་སྨན་བུ་མོའི་སེམས་ཀྱི་དྲོད་ས་རུ་ཉར་ལ། གདོང་ན་འཛུམ་མདངངས་དང་ཡིད་ཆེས་ཀྱི་བརྟས་བཞིན། ངག་གི་དབྱངས་རྟ་འཇམ་པོས་ཞིང་ས་གྲུ་བཞིའི་མཁའ་དབྱངས་སུ་“ཞིང་རི་མར་ཡུར་མ་ཡུར་དུ་འགྲོ།མ་བཟང་མོ་ཞིག་གི་ཡུར་ཚུལ་ལ། ངས་ཡུར་མ་གཅིག་རྒྱག་གཉིས་རྒྱག་བྱེད། སྨན་བུ་མོར་དགོས་ནོ་གཡུག་ལས་ཡིན།གླུ་ཁ་མཚར་ལེན་ན་ཡུར་མ་ཡུར།ལག་ལས་ཀའི་བར་ན་མྱུར་སེ་མྱུར། རྩྭ་ལྡུམ་བུ་གཡས་འབལ་གཡོན་འབལ་བྱེད།སྨན་ཆུང་བུ་མོས།  ཡུར་མ་ཡུར་ཡ།  ཡུར་མ་ཡུར་་་་་་་་་།”ཞེས་ལོ་ལེགས་ཡག་པོ་འབྱུང་བར་རེ་སྨོན་བྱེད་བཞིན། ཉིན་མོ་འབྲུ་རྡོག་གི་འཕེལ་ཀ་ལ་བལྟས་ཤིང་། མཚན་མོའི་སྐར་ཚོགས་ཀྱི་མཛེས་སྡུག་འོག་ནས་སང་ཉིན་ཀྱི་ཞིང་ཁ་དྲན།

བཞི་བ། ལོ་ཏོག་བརྔ་བསྡུ།

སྙེ་རྡོག་གི་རླབས་ཕྲེང་སྟོན་ཟླ་བརྒྱད་པའི་ཞིང་གྲོང་ལ་ཤིག་ཤིག་ཏུ་གཡོ་དུས།ལོ་ལེགས་དང་འབྲུ་དྲུག་གི་རེ་འབྲས་སོ་ནམ་པའི་སེམས་ཀྱིས་ལྡོད་ཅིང་།ལག་མཐིལ་ནས་བརྡོལ་བའི་རྔུལ་ཁྲག་དང་ཆུ་བུར་རེ་རེ་སྟེ།ཞིང་ས་གྲུ་བཞིའི་རྣང་ཚིགས་ལས་གང་སར་བྲེལ་སྣང་གི་མཁའ་དབུགས་ཤིག་གཏིབས་འདུག འབྲས་ལྡན་གྱི་ལོ་ཏོག་ཏེ་རླུང་བུའི་གཡབ་མོའི་ཁྲོད་དུ་རླབས་གཉེར་འཁྱིལ་ལ།ལྗིད་ཏིག་ཏིག་གི་སྙེ་མ་རེ་རེ་དང་།དགོད་སྒྲ་དང་སེམས་ཚེགས་ཀྱི་ཞིང་ཁའི་ཉིན་མོ་རེ་རེའང་སོ་ནམ་་པ་རེ་རེའི་སེམས་ཀྱི་དྲོད་ས་རུ་ཉར་བཞིན།ལོ་ཏོག་བསྡུ་བར་གྲ་སྒྲིག་བྱེད་པ་ཡིན་ཏེ། ལོ་ཏོག་བསྡུ་ལ་ཉེ་བའི་སྐབས་སུ་ཞིང་ཁ་ནས་རྩྭ་ལྡུམ་སོགས་འབལ་འབྲེག་གཅོད་གསུམ་མི་བྱེད་ལ།ཆར་ཞོད་དང་སེར་བ་ཆེན་པོ་བབས་པ་སོགས་ལ་བཀག་འགོག་བྱེད་ཆེད་དུ།ཞིང་ཁ་རུ་ཆོས་སྐོར་དང་བསང་གྱི་མཆོད་པ།མ་ཎི་ཡིག་དྲུག་གི་དབྱངས་རྟ་རྒྱུན་མི་ཆད་དེ།བཀྲ་ཤིས་ཉི་ཟེར་གྱི་ཉིན་མོ་དེར།སྐྱེས་ཕོ་མོ་རྒན་གཞོན་མང་བོ་ཞིང་ཁ་རུ་འདུ་འཛོམས་བྱུང་ནས་ལོ་ཏོག་བསྡུ་བ་དང་།བསྡུས་ཚར་བ་་སྔ་མ་རྣམས་ཀྱིས་ཕྱི་མ་རྣམས་ལ་རོགས་བྱེད།རྟེན་འབྲེལ་ཟས་ཀྱི་ཆོ་ག་བྱེད་པ་དང་ཆབས་གཅིག་ཏུ་བཀྲ་ཤིས་ལོ་ལེགས་བང་མཛོད་དུ་བསྡུས་སོང་།  འདི་ནི་མཐོ་སྒང་གི་བོད་པ་རྣམས་ཀྱི་སོ་ནམ་སྤེལ་ཚུལ་ཡིན། 

སྐལ་བཟང་འཚོ།

ཤེས་བྱའི་སྒོ་ཐེམ་ལ་སྙེག་ནས་སློབ་ཆེན་གྱི་ལས་ཆེན་དུ་རྒྱུག་གིན་ཡོད།འོད་སྣང་དང་རེ་བ་ཡིས་མི་ཚེ་ལ་གར་སྟེགས་བསྐྲུན་བཞིན་ཡོད།

གལ་ཏེ་སྐུ་ཉིད་གྱི་རྩོམ་ཡིག་འདི་རུ་འགོད་འདོད་པའམ།ཡང་ན་ངེད་དྲ་ཚིགས་ལ་བསམ་འཆར་གང་ལེགས་འདོན་པ།དེ་མིན་བརྡ་ཁྱབ་དང་མཉམ་འབྲེལ་སོགས་བྱེད་ན་གོང་གི་བཤེར་རིས་ལ་ཕྱགས་འགོད་བྱས་ཆོག

ཀུན་ཕནབོད་ཀྱིགློག་རྡུལ་དཔེ་ཀློག་དྲ་བ།

更盼藏文电子阅览网

འབྲེལ་གཏུག་བྱེད་ཡུལ།

ཁ་པར - 13099301523

ཡིག་ཟམ - gengpanbook@yeah.net

མཛའ་འབྲེལ་དྲ་བ།

གངས་ལྗོངས་འབྲེལ་མཐུད་དྲ་བ།

གཡས་འཁྱིལ་ལས་སྒྲུབ་ཁང་།

བདག་དབང་ཡོད་ཚད་ངེད་ཀུན་ཕན་བོད་ཀྱི་གློག་རྡུལ་དཔེ་ཀློག་དྲ་བར་དབང་བས་གཞན་གྱིས་བརྒོལ་མི་རུང་།

版权所有更盼藏文电子科技@Tutti i diritti riservati gengpan tibetano - Reading di Rete

www.gengpanbook.com 陇ICP备19001725