༄༅།།ཀུན་ཕན་བོད་ཀྱི་གློག་རྡུལ་དཔེ་ཀློག་དྲ་བ །

སྣ་ནག་མ།

རྩོམ་པ་པོ - རྨ་ཆུའི་བདེ་ལེགས།

མོའི་མིང་དངོས་ལ་མཚོ་མོ་ཟེར་ཞིང་།ངེད་གཉིས་སློབ་ཆུང་གི་སློབ་གྲོགས་ཡིན།ཁོ་མོར་སྣ་ནག་མ་ཞེས་ཐོགས་དོན་གཉིས་ཡོད་དེ།གཅིག་ནི་ཁོ་མོའི་སྣའི་ཐོག་ཏུ་ནག་ཐིག་ཅིག་ཡོད་པས་དང་།གཞན་ཞིག་ནི་ཁོ་མོར་ཁ་མང་ཞིང་སུ་དང་གང་ལ་དམོད་པ་བོར་རྒྱུ་དགའ་བས་ཡིན།ང་རང་ལོ་བདུན་ལ་སོན་པའི་ལོ་དེའི་དབྱར་ཁར་ཨ་ཕས་ང་ཁྲིད་དེ་ཡུལ་ཚོའི་སློབ་ཆུང་དུ་བསྐྱལ་ཅིང་སློབ་སྦྱོང་ལ་ཤུགས་སྣོན་བྱེད་དགོས་པའི་བསླབ་བྱ་ནན་ཏན་གནང་།ཡིན་ཡང་དེ་དུས་ནི་ང་རང་བྱིས་པ་ཡིན་པས་ཉིན་འགའ་འགོར་རྗེས་ཨ་ཕས་བཤད་པའི་བསླབ་བྱ་དག་སེམས་ནས་བོར་ཏེ་རྣམ་གཡེང་གི་དབང་དུ་སོང་ཡོད་པ་སྨོས་ཅི་དགོས། དེ་ལྟར་ལོ་ངོ་གཅིག་རྩེད་འཇོ་ཁྲོད་ཕར་ལ་བསྐྱལ་བའི་ཕྱི་ལོར་དབྱར་གནང་བཏང་སྟེ་ཕྱིར་སློབ་འགོ་ཚུགས་དུས་སློབ་གྲོགས་གསར་བ་རེ་འགའ་སླེབས་འདུག་ལ། དེའི་ནང་དུ་གཟུགས་ང་ཚོ་ལས་ཅུང་རིང་བའི་བུ་མོ་ཞིག་ཡོད་ཅིང་བལྟས་ཚོད་ཀྱིས་མ་རབས་ཤིག་ལོས་ཡིན་སྙམ་པའི་སྣང་བ་ཞིག་སྟེར།དེ་ལྟར་བསམ་སྐབས་ཁོ་མོ་ཐད་ཀར་ངའི་གམ་གྱི་མདུན་ཅོག་ལྷག་མ་དེ་རུ་ཐེ་ཚོམ་མེད་པར་བསྡད་དེ་ང་ལ་མིག་འཇེར་ནས་འཇིགས་སྐྲག་ཅིག་བསླངས་སོང་།ང་སྐྲག་ནས་འགུལ་ཡང་མ་ཕོད།ཡིན་ཡང་འབྲེལ་འདྲིས་ཀྱིས་གོ་རིམ་ཁྲོད་ནས་མཚོ་མོ་ནི་མི་སྐྲག་དགོས་པ་ཞིག་མིན་ཏེ།ཁོ་མོས་གཉོམ་ཆུང་ལ་ཐུབ་ཚོད་མི་བྱེད་ལ།སྐབས་འགར་གཞན་ལ་རོགས་རམ་ཡང་ཅི་ནུས་ཀྱིས་བྱེད་པ་རེད།ཡིན་ཡང་ཁོ་མོར་སློབ་ཁྲིད་སྐབས་སུ་བཤད་རྒྱུ་དང་ལས་རྒྱུ་མང་བས་སྐབས་འགར་དགེ་རྒན་གྱིས་སློབ་ཁང་གི་སྒོ་རུ་འགྲེང་དུ་བཅུག་ཡོད།

   སྐྱེ་སྔོན་གྱི་ཚོགས་བསགས་ཤིག་གིས་མཚོ་མོའི་རིག་པ་བཟང་རྐྱེན་གྲངས་རིག་སློབ་ཁྲིད་སྐབས་སུ་ཁོ་མོ་ནི་ང་ཚོའི་ཁྲོད་ཀྱི་རྩེ་གྲས་ཡིན་པས་ངས་ནམ་རྒྱུན་ཁོ་མོའི་ལས་བྱ་བཤུ་འབྲི་བྱས་པ་ཡིན་ཞིང་།མཚམས་རེར་མཚོ་མོ་མ་ཁོམ་པར་ལས་བྱ་མ་བྲིས་ཚེ་ང་ཡང་དེ་བཞིན་ཡིན་པས་དགེ་རྒན་གྱིས་ངེད་གཉིས་ལ་ཆད་པའང་བཅད་མྱོང་།ཡིན་ཡང་།མཚོ་མོ་རྒྱ་ཡིག་སློབ་པར་དེ་འདྲ་སྤྲོ་བ་མེད་པས་ནམ་རྒྱུན་ངའི་ལས་བྱ་བཤུ་འབྲི་བྱེད་དགོས།དེ་ནས་བཟུང་ཁོ་མོས་ནམ་རྒྱུན་གྲངས་རིག་ལས་བྱ་དུས་ལྟར་མི་འབྲི་ཀ་མེད་ཡིན།མཚོ་མོ་ལོ་རིམ་བཞི་བ་སོན་པ་ནས་མཚོ་མོ་ཞེས་འབོད་མཁན་ང་ལས་མེད་ཅིང་།སློབ་གྲོགས་དག་གིས་རྒྱུན་དུ་ཁོ་མོར་སྣ་ནག་མ་ཞེས་འབོད།ཐ་ན་སྐབས་འགར་དགེ་རྒན་གྱིས་ཀྱང་ཁོ་མོར་སྣ་ནག་མ་ཞེས་འབོད་པས།མཚོ་མོ་སྐབས་འགར་སློབ་གྲྭའི་ལྟག་རྒྱབ་ཀྱི་གྱང་དེའི་ཕག་ཏུ་ཡིབ་སྟེ་མིག་ཆུ་གྲངས་མེད་འདོན་པ་ངས་ཐེངས་མང་བོར་མཐོང་མྱོང་།ངས་ཁོ་མོར་ཁ་ཏ་ཅི་ལྟར་བྱས་ཀྱང་ཁོ་མོའི་གཤིས་ཀ་དེ་སྔར་ལྟར་བསྒྱུར་ཐབས་མ་བྱུང་།ལོ་དང་ཟླ་བའི་གཞུག་ནས་དེད་དེ་མི་ལོ་དྲུག་གི་སློབ་རའི་འཚོ་བར་གྱེས་བརྡ་གཏོང་གྲབས་བྱེད་པའི་ཉིན་ཞིག་ལ།མཚོ་མོས་སློབ་གྲོགས་བུ་མོ་འགའ་ཁྲིད་ནས་རྨ་ཆུའི་ནགས་གསེབ་དུ་རྩེད་མོ་རྩེ་བར་སོང་བ་ལ།སྟབས་མ་ལེགས་པར་ཁོ་ཚོའི་ཁྲོད་ཀྱི་བུ་མོ་ཆུང་ཆུང་ཞིག་རྨ་ཆུས་ཁུར་ཏེ་ཆུ་དཀྱིལ་དུ་ངུ་འབོད་བྱེད་སྐབས་རྫི་བོ་ཞིག་གིས་མཐོང་ནས་རང་སྲོག་ལ་མ་འཛེམས་པར་བསྐྱབས་པས་དོན་དག་ཆེན་པོ་མ་བྱུང་།དུས་དེ་ནས་བཟུང་མཚོ་མོར་གྲོགས་པོ་ཞིག་ཡོད་པ་ནི་ང་གཅིག་པུ་ཡིན་ཞིང་།ནམ་རྒྱུན་ངས་མཚོ་མོ་ཞེས་འབོད་དུས་ཁོ་མོའི་ཨ་ལན་ལ་སྙན་ཆའི་ཕྱུག་ཡོད།དེ་ལྟར་མི་ལོ་དྲུག་ལ་ང་དང་མཚོ་མོ་གཉིས་ཀྱིས་མདུན་ཅོག་གཅིག་གི་སྟེང་ནས་བྱིས་དུས་ཀྱི་ལོ་རྒྱུས་བྲིས་ཤིང་ཕུགས་བསམ་རུམ་ལ་ཉར་བ་ཡིན།

སློབ་ཆུང་མཐར་ཕྱིན་རྗེས་ཕ་མ་གཉིས་ཀྱི་རེ་བ་དང་རང་གི་འདོད་མོས་ལྟར་སློབ་གྲྭ་འགྲིམ། ལོ་དེའི་སྟོན་ཁར། ཨ་ཕས་ང་ཁྲིད་དེ་རྫོང་མི་རིགས་སློབ་འབྲིང་དུ་བསྐྱལ།ཡིན་ཡང་མཚོ་མོ་མཐོང་རྒྱུ་མེད་པས་ངའི་ཁོ་མོ་གནས་ལ་བུད་སོང་སྙམ་པའི་ཐེ་ཚོམ་སྐྱེས།སློབ་འགོ་གསར་བ་ཚུགས་ནས་ཟླ་ཕྱེད་ཙམ་འགོར་ཞིང་སློབ་གྲོགས་ཕན་ཚུན་ཅུང་འདྲེས་ཏེ་མཚང་མིང་ཀྱང་འདོག་ཀྱིན་ཡོད་པའི་སྐབས་དེར་སྣ་ནག་མ་ཞེས་པའི་མཚང་མིང་དེ་ངའི་མིད་པའི་ཁར་ཐེངས་འགར་ཐོན་མྱོང་ཡང་མིང་དེ་མཚོ་མོ་མ་གཏོགས་གཞན་ལ་ཐོགས་མེད་པས་ཕྱིར་ཁོག་ལ་མི་འཇུག་ཀ་མེད་ཡིན།ཡིན་ཡང་ལས་དབང་ཟེར་བ་འདི་ཡ་མཚན་ཞིག་ཡིན་པས་མཚོ་མོ་ཟླ་ཕྱེད་འགོར་རྗེས་སློབ་གྲྭར་ཞུགས་པ་མ་ཟད་ངེད་གཉིས་འཛིན་གྲྭ་གཅིག་ཡིན་ཞིང་།ཐ་ན་གྲལ་མཚེས་ཀྱང་ཡིན།སྐབས་འགར་ངས་མལ་ཁྲི་ལས་སེམས་ཞིབ་མོས་སྟོང་འདང་རེ་བརྒྱབ་དུས་འདི་ནི་ལས་སྐལ་ཟེར་བ་དེ་ལོས་ཡིན་སྙམ།གང་ལྟར་མཚོ་མོ་སླེབས་པ་ནས་བཟུང་འཛིན་གྲྭ་ཟང་ཟིང་ཞིག་ཏུ་གྱུར་ཞིང་།སྣ་ནག་མ་ཞེས་པའི་མིང་དེ་ཐོགས་དོན་དོན་དང་ལོས་མཚུངས་སྙམ་བྱེད་ཀྱི་དོགས་པ་ཞིག་གཞི་ནས་སྐྱེས་སུ་བཅུག

དམའ་འབྲིང་དུ་ཞུགས་པ་ནས་བཟུང་ངས་ཁོ་མོའི་གྲངས་རིག་ལས་བྱ་བཤུ་འབྲི་བྱས་པའི་ལོ་རྒྱུས་མེད་ལ།ཁོ་མོས་ཀྱང་ངའི་རྒྱ་ཡིག་ལས་བྱ་བཤུ་འབྲི་བྱས་པའི་ལོ་རྒྱུས་གཅིག་ཀྱང་མེད།རྒྱུ་མཚན་ཁོ་མོ་དང་ངེད་གཉིས་དམའ་འབྲིང་དུ་ཞུགས་པ་ནས་བཟུང་མཐུན་ས་ཞིག་ཡོད་པ་ནི་ལས་བྱ་མི་འབྲི་བའི་ངན་གཤིས་དེ་ཡིན།དམའ་འབྲིང་གི་འཚོ་བ་དེ་སློབ་ཆུང་གི་འཚོ་བ་དང་མི་འདྲ་བར་མཐོང་རྒྱུ་དང་གོ་རྒྱུ་མང་ཞིང་ཕལ་ཆེར་ཚང་མས་དགའ་རོགས་ཞེས་པའི་ཐ་སྙད་ཅིག་ལ་བསམ་བློ་གཏོང་གིན་འདུགམཚོ་མོས་དང་ཐོག་དམའ་འབྲིང་དུ་ཞུགས་མ་ཐག་ཏུ་ང་ལ་བློ་ཡིད་ལས་འདས་པའི་སྐད་ཆ་བཤད་མྱོང་ཞིང་།སྐད་ཆ་དེས་ང་ཡ་མཚན་སྐྱེ་རུ་བཅུག་སོང་།ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་ཡ་མཚན་སྐྱེ་དགོས་དོན་མེད་དེ།དེ་ནི་འཚོ་བའི་གོ་རིམ་ཞིག་ལས་མ་འདས། ཁོ་མོ་དམའ་འབྲིང་དུ་ཞུགས་མ་ཐག་པའི་ཕྱི་ཉིན་ཞིག་ལ་ང་གཅིག་པུས་སློབ་ཁང་དུ་ལས་བྱ་འབྲི་སྐབས་ཁོ་མོས〝མགོ་ཆེདགའ་རོགས་ཡོད་དམ།ཕྱུར་བ་ཡོད་དམ་ཞེས་བསྟུད་མར་དྲི་བ་གཉིས་འཕངས་པས་ང་ཅི་བྱ་གཏོལ་མེད་དུ་གྱུར། ང་ཁ་རོག་གེར་ལན་ཅི་ཡང་མ་བཏབ་པར་ལས་བྱ་འབྲི་བཞིན་བསྡད་པས་ཁོ་མོ་ཡང་ཁ་རོག་གེར་སྒོར་བུད་སོང་།དེ་ནས་བཟུང་ཁོ་མོས་ང་ལ་དྲི་བ་དེའི་རིགས་གཏན་ནས་འདྲི་མ་མྱོང་།སྐད་ཆ་དེ་དག་འདྲི་བར་བལྟས་ན་མཚོ་མོའི་སྔ་མོ་ནས་དགའ་རོགས་བསྒྲིགས་ཡོད་ཤས་ཆེ།མཚོ་མོ་དང་ངེད་གཉིས་སློབ་ཆུང་གི་སློབ་གྲོགས་ཡིན་ཡང་ངས་ཁོ་མོའི་འཚོ་བའི་ཕྱོགས་སུ་རྒྱུས་ལོན་ཅུང་ཙམ་ཡང་བྱས་མྱོང་མེད་ལ་ཁོ་མོས་ཀྱང་ང་ལ་དེའི་ཕྱོགས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་མྱོང་།ཡིན་ཡང་སློབ་མཐར་ཕྱིན་རྗེས་ངས་ད་གཟོད་ཁོ་མོའི་འཚོ་བའི་རྒྱབ་ལྗོངས་ཡོངས་སུ་རྟོགས་ཤིང་ཁོ་མོའི་གཤིས་ཀ་དེའང་ཇི་ལྟར་ཆགས་པ་གཞི་ནས་ཤེས་སོང་།མཚོ་མོ་ཆུང་དུས་ནས་ཨ་མས་གཉོར་ཞིང་བསྐྱངས་ཏེ་ནར་སོན་པ་ཡིན།ཁོ་མོའི་ཨ་མ་ནི་སྡེ་བ་དེའི་མོ་རྐྱང་གཅིག་པུ་ཡིན་ལ།ཁ་མཆུ་སྣ་འདྲེན་མཁན་གྱི་གཏེ་བོ་ཞིག་ཀྱང་ཡིན་པས་མཚོ་མོར་ཨ་མའི་ཤན་ཤུགས་ཐེབས་པ་ནི་སྨོས་ཅི་དགོས།   དམའ་འབྲིང་གི་ན་ཚོད་དེར་སྨན་ཤར་བུ་མོ་དག་གི་ལང་ཚོའི་མེ་ཏོག་རབ་ཏུ་མཛེས་ཤིང་སྟག་ཤར་གཞོན་ནུ་དག་གི་འདོད་པའི་སྟ་གོན་གར་ལ་བསྒྱུར་བའི་ན་ཚོད་ཅིག་ཡིན་པས།དགའ་རོགས་ཞེས་པའི་ཐ་སྙད་དེར་སློབ་གྲོགས་མང་པོ་ཞིག་གིས་ཚུལ་འཆོས་སྟོན་གྱིན་གདའ།མཚོ་མོ་ཡང་དེ་ལས་མ་འདས་ཏེ་ནམ་རྒྱུན་སློབ་གྲོགས་ཕོ་རྣམས་དང་ཁ་རྩོད་བྱེད་དུས་ཁྱེད་ལ་ཕྱུར་བ་ཡོད་པས་སྟག་ཤར་མ་རེད་ཅེས་འཆད་དེ་ཁོ་ཚོ་ཡང་སྨྲ་མེད་དུ་བཏང་འགྲོ།གང་ལྟར་མཚོ་མོའི་ངོ་ཚ་མེད་པའི་བྱ་སྤྱོད་དེས་འཛིན་གྲྭར་ཤུགས་རྐྱེན་ངན་པ་ཐེབས་ཤིང་ཡོད་ཚད་ལ་ངོ་ཚ་མེད་པ་ཞིག་ཏུ་གྱུར་སོང་།ཐ་ན་མིང་སྲིང་ཡིན་ཟེར་མཁན་གྱི་སློབ་གྲོགས་དེ་དག་གི་ངོ་གདོང་ཡང་ཇེ་མཐུག་ཏུ་སོང་ཟིན།སུས་བཤད་པ་བདག་ལ་གསལ་ཆ་མེད་ཀྱང་གང་ལྟར་མཚོ་མོར་དམའ་འབྲིང་ལོ་རིམ་གཉིས་པ་ནས་མཚོ་མོ་ཞེས་འབོད་མཁན་མེད་པར་ཡང་བསྐྱར་སློབ་ཆུང་སྐབས་ཀྱི་སྣ་ནག་མ་ཞེས་པའི་མིང་དེ་ཐོགས་སོང་།སྣ་ནག་མ་ཞེས་པའི་མཚང་མིང་དེ་མཚོ་མོའི་ཤི་རྐྱེན་ལའང་རག་ལས་ཡོད།བྲེལ་བྲེལ་ཚུབ་ཚུབ་ཀྱི་མི་ལོ་གསུམ་ཕར་ལ་འདས་ཏེ་དམའ་འབྲིང་གི་འཚོ་བར་གྱེས་བརྡ་གཏོང་ལ་ཉེ་དུས།སློབ་གྲོགས་རེ་འགས་དགའ་རོགས་ཞེས་པའི་ཐ་སྙད་དེར་སྣང་དོག་མི་བྱེད་པར་དཔེ་དེབ་རེ་མཆན་དུ་བཟུང་ནས་ཁོམ་གྱིན་མེད་ཀྱང་།མཚོ་མོ་ད་དུང་སློབ་ཁང་གི་གྲུ་ག་དེ་རུ་བུ་མོ་འགའ་དང་མཉམ་དུ་སྐབས་འགར་དགོད་ཅིང་སྐབས་འགར་ཁ་རོག་གེར་ལྐོག་ཤུབ་ཅིག་བྱས་རྗེས་དཔེ་མེད་པའི་ཧབ་ཆ་རེ་བྱེད་ཀྱིན་ཡོད།དེ་ལྟར་ཆུ་ཚོད་ཀྱི་འཁོར་མདའ་མདུན་ནས་མདུན་དུ་བསྐྱོད་པས་མི་ལོ་གསུམ་གྱི་དམའ་འབྲིང་གི་འཚོ་བར་གྱེས་བརྡ་བཞག་ཅིང་མི་རེ་རེའི་གདོང་ལའང་མི་གཅིག་པའི་རི་མོ་རེ་བབས་ནས་རང་རང་སར་བཞུད་སྐབས་མཚོ་མོས་ང་ལ་ཤོག་བྱང་ཞིག་བྱིན་སོང་།ངས་སེམས་སུ་འདི་ནི་ཁོ་མོས་བྲིས་པའི་འགྱོད་པའི་ཡི་གེ་ཨེ་ཡིན་སྙམ་ཡང་།བློ་ཡུལ་ལས་འདས་པ་ཞིག་ལ་མ་གཞི་དེ་ནི་ཤོག་བྱང་་ཞིག་གི་སྟེང་དུ་ཁ་པར་ཨང་གྲངས་ཤིག་ལས་ཅི་ཡང་མ་མཆིས།དབྱར་གནང་བཏང་རྗེས་ངས་ཤོག་བྱང་དེ་བདག་དམ་ཡག་པོ་བྱས་ཤིང་ཨང་གྲངས་དེ་ཡང་དང་ཡང་དུ་ཁ་ནས་བཟློ་མྱོང་།དབྱར་གནང་གི་ཉིན་ཞིག་ལ་ངས་ཨ་ཕའི་ཁ་པར་གཡར་ཏེ་ཤོག་བྱང་གི་ངོས་སུ་བྲིས་ཡོད་པའི་ཨང་གྲངས་དེ་རུ་འཕྲིན་ཐུང་ཞིག་བསྐུར་བ་ན་དེ་མུར་ཕྱིར་ལན་ཐོན་སོང་།

“མཚོ་མོ་ཡིན་ནམ།”

“ཡིན།”

“ཉེ་ལམ་བདེ་འམ།”

“ཧ་ཅང་བདེ། མགོ་ཆེ།ང་མི་འགྱང་བར་གནས་ལ་འགྲོ་རྒྱུ་ཡིན།”

“ངོ་མ་ཡིན་ནམ།ཅིའི་ཕྱིར།”

“སློབ་གྲྭར་འགྲོ་མི་བསམ་པས་ཡིན།”

“སློབ་གྲྭར་མ་སོང་ཡང་གནས་ལ་འགྲོ་དགོས་དོན་ཡོད་དམ།

“ཡོད།ངའི་ཁྱིམ་ཚང་གི་གནས་ཚུལ་ཁྱེད་ཀྱི་ཤེས་མི་ཤེས་མི་གསལ་ཡང་།ང་ལ་ཆུང་དུས་ནས་ཨ་ཕ་ཟེར་བ་ཞིག་མེད་ཅིང་།ཨ་མས་གཉོར་ཞིང་བསྐྱངས་ཏེ་ད་ལྟ་ནར་སོན་ཡོད་པས།རང་གི་མི་ཚེ་ལ་རང་གིས་ཁ་ལོ་བསྒྱུར་ཆོག”

“འོ་ན།ཁྱོད་ཀྱི་ཨ་མ་ཅི་བྱེད་རྒྱུ།”

“ཨ་མ་ལོ་ལོན་འདུག་པས་རྒན་གསོ་ཁང་དུ་བསྐྱལ་ཆོག”

“ཁོ་མོ་ཁྱོད་ཀྱི་ཨ་མ་རེད།དེ་ལྟར་འོས་སམ།”

“ཁ་དཔེ་ལ་ཡང་བྱ་ཕྲུག་ནར་སོན་ཚེ་ཕ་མ་དང་བྲལ་དགོས་པ་ལས་རེད།”

“གླེན་མ།མི་དང་བྱ་གཉིས་སྡུར་ཐབས་ཡོད་དམ།”

“འོ་གང་ལྟར་གནས་ལ་འགྲོ་རྒྱུ་ཐག་བཅད་ཟིན།”

“ཁོ་ས་ཆ་གང་གི་རེད།མིང་ལ་ཅི་ཟེར་གི”

“རྨ་ཆུའི་རེད།མིང་ལ་བློ་བཟང་ཟེར།”

“འབྲོག་པ་ཞིག་རེད་དམ་སློབ་མ་ཞིག་རེད།”

“འབྲོག་པ་ཕྱུག་པོ་ཞིག་རེད།”

“གླེན་མ།རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་ལྟར་རྟག་རྒྱུ་ཡོད་ནི་མ་རེད།”

“གང་ལྟར།ང་ཁོ་ལ་དགའ་གི”

“ཅི་ལྟར་ངོ་ཤེས་པ་ཡིན།”

“དྲ་ཐོག་ནས་ངོ་ཤེས་པ་ཡིན།”

“ངོ་མ་ཡིན་ནམ།དུས་ག་ཚོད་ཅིག་འགོར་སོང་།”

“དེ་དག་མ་བཤད་ན་ཆོག་གམ།”

“ལོས་ཆོགའོ་ན་ལོ་དུ་རེད།”

“ཉེར་ལྔ་རེད།”

“ཆེ་སོང་བ་མ་ཡིན་ནམ།”

“ཆེ་མེད།”

“སྟོན་མོ་ནམ་ཞིག་ལ་བྱ་རྩིས་ཡོད།”

“བདུན་པའི་ཚེས་གཅིགཁྱེད་ཡོང་ངམ།”

“ཡོང་ཁོ་ཐག་ཡིན། གྲོགས་མོ།”

བསྒུག་འདུག ལག་སྐྱེས་ཅི་ཡང་འཁྱེར་ཡོང་མི་དགོས།”

“སེམས་མཚོན་བྱེད་ཙམ་ཞིག་ཁྱེར་མ་ཡོང་ཚེ་ཡོང་རྒྱུར་ངོ་ཚ་གི”

“འོ་ན་མཐར་ཕྱིན་མཉམ་པར་དེ་ཁྱེར་ཤོག”

“འོ་ཡ།”

ངས་ཁ་པར་ནང་གི་བརྡ་འཕྲིན་དེ་དག་ལས་བསུབ་རྗེས་ཅུང་ཧད་དེ་ཁོ་མོ་གནས་ལ་འགྲོ་རྒྱུའི་ཀུན་སློང་དེ་གང་ནས་སྐྱེས་པར་སྟོང་འདང་མང་པོ་བརྒྱབ་ཀྱང་ཁག་འཇོག་ས་མང་པོ་ཡོད་པས་དེ་དག་གི་གང་ཡིན་པ་མ་ཤེས་ཀྱང་།གང་ལྟར་ངའི་ཁོ་མོའི་གཉེན་སྟོན་ལ་ཡོང་རྒྱུ་ཁས་བླངས་ཡོད་པས་དེ་དུས་འདྲི་དགོས་སྙམ།

བདུན་པའི་ཚེས་གཅིག་ཉིན་ངས་ཨ་ཕའི་འཕྲུལ་རྟ་བསྐོར་ཏེ་མཐར་ཕྱིན་མཉམ་པར་ཁྱེར་ནས་སྟོན་མོར་སོང་། མཐར་ཕྱིན་མཉམ་པར་བྱིན་ནས་ཅུང་བསྡད་རྗེས་ཡུལ་ལ་ལོག་པ་ཡིན།ཟླ་བརྒྱད་པར་མཐོ་འབྲིང་གི་སློབ་འགོ་གསར་བ་ཚུགས་པས་ང་ཡང་སློབ་གྲྭར་བུད་སོང་།ད་ཐེངས་སློབ་ཆུང་དང་སློབ་འབྲིང་ལྟར་ཨ་ཕས་སློབ་གྲྭར་མ་བསྐྱལ་བར་རང་ཉིད་གཅིག་པུས་མིང་ཐོ་བཀོད་པ་ཡིན།མཐོ་འབྲིང་དུ་སླེབས་དུས་མཚོ་མོའི་གྲིབ་མ་ཙམ་ཡང་མེད་ཅིང་།ཐ་ན་དེ་སྔའི་ཁོ་མོའི་འགྲོགས་རོགས་དེ་ཚོ་གཅིག་ཀྱང་མཐོང་རྒྱུ་མི་འདུག་པས་ངའི་སེམས་སུ་ན་ཟུག་ཅིག་ངང་ངམ་ཤུགས་ཀྱིས་བསླངས་སོང་།གཟའ་ཉི་མ་ཞིག་ལ་ངས་ཨ་ཕའི་ཁ་པར་གཡར་ཏེ་མཚོ་མོས་བྱིན་པའི་ཤོག་བྱང་དེའི་སྟེང་གི་ཨང་གྲངས་དུ་བརྡ་འཕྲིན་ཞིག་སྐུར་ཀྱང་ཕྱི་དྲོ་ཞིག་ལ་ད་གཟོད་ལན་བཏབ་པ་རེད།

“མཚོ་མོ་ཡིན་ནམ།”

“ཡིན།”

“གང་ན་ཡོད།”

“ཁུལ་ཐོག་ན་ཡོད།”

“དེ་རུ་ཅི་ཞིག་བྱེད་ཀྱིན་ཡོད།”

“ལས་ཀ་ཞིག་བསྒྲུབ་བཞིན་ཡོད།”

“ཁྱིམ་ཐོ་ཁུལ་ཐོག་ཏུ་ནམ་སྤར་ནི།”

“སྤར་མེད་ང་གཅིག་པུ་ཡིན། ཁྱིམ་ཚང་དེ་ནས་ང་སྤྱུགས་དང་ཐལ། ”

“ཅིའི་ཕྱིར།”

“ངས་ཀྱང་མི་ཤེས།”

མོའི་གཏམ་དེས་ང་ཅུང་ཡ་མཚན་སྐྱེས་རུ་བཅུག་སོང་།རྗེས་ནས་རྩད་གཅོད་ཞིབ་མོ་བྱས་ཚེ་མ་གཞི་ཁོ་མོའི་སྐྱེས་པས་ཕྱི་ནས་ཆུང་མ་ཞིག་བཙལ་ཡོད་པ་མཚོ་མོའི་ཤེས་རྗེས་རང་གི་སྐྱེས་པའི་གདོང་ལ་གྲི་ཡིས་བརྒྱབས་པའི་དོན་རྐྱེན་ཞིག་བྱུང་བས་ཁོ་མོ་དེ་ལྟར་ཁྱིམ་ཚང་དེ་གའི་སྤྱུགས་པ་རེད་ཟེར།གྱོད་བཤད་སྐབས་མཚོ་མོ་དང་མཚོ་མོའི་ཨ་མ་གཉིས་ཀྱིས་ངན་པ་གཉིས་བསྡོངས་བཟང་བོ་གཅིག་གི་དཔེ་ལྟར་རྒྱུ་ནོར་མི་ཉུང་བ་ཞིག་ལོན་རབས་ཡོད་པས་ཁུལ་ཐོག་ཏུ་ཚོང་ཁང་ཞིག་ཀྱང་གཉེར་གྱིན་ཡོད་སྐད་འདུགཡིན་ཡང་ལོ་དེའི་ལོ་མཇུག་ལ་མཚོ་མོའི་ཁ་མཆུ་སྣ་འདྲེན་ཞིག་གིས་རང་གི་གཅེས་པའི་ཚེ་སྲོག་གི་མཐའ་མ་ཨ་མའི་པང་ཁུད་ནས་དུས་གཏན་དུ་གཟིམས་ཏེ།འཇིག་རྟེན་གྱི་ཡོད་ཚད་ལ་གཏན་དུ་གྱེས་སོང་།ཁོ་མོའི་གཤིས་སྤྱོད་དེ་མི་མང་པོ་ཞིག་གི་དམོད་པ་བོར་ཡུལ་དུ་གྱུར།འོན་ཀྱང་ངའི་སེམས་ནས་སྣ་ནག་མ་ཞེས་པའི་ཡིག་འབྲུ་གཏན་ནས་ཡལ་བ་མེད་ཅིང་སྐབས་འགར་ཁོ་མོ་དྲན་ཡང་སྲིད་པས་དེ་དུས་ཡིག་དྲུག་གི་མ་ཎི་རེ་དབང་མེད་དུ་ཤོར་འགྲོ།

རྨ་ཆུའི་བདེ་ལེགས།

རྨ་ཆུའི་བདེ་ལེགས་སམ་མེ་ལྕེ་དམར་པོ་ནི་གོ་བཞི་ལོའི་སྟོན་མཇུག་ཅིག་ལ་རྨ་ཆུའི་ཆུ་ཁ་མ་ཞེེས་པའི་འབྲོག་སྡེ་ཆེན་པོ་ཞིག་ཏུ་ངུ་ངག་གི་དབྱངས་རྟ་ཐོག་མར་བསྒྲགས། ཆུང་དུས་ཡབ་ཀྱི་མདུན་ནས་ཀ་ཁ་བསླབས་ཏེ། རིམ་བཞིན་སློབ་ཆུང་ནས་སློབ་འབྲིང་། མཐོ་འབྲིང་འགྲིམ་རྗེས་ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དུ་རྩིས་འཁོར་གྱི་ཆེད་ལས་ལ་གཞོལ་གྱིན་ཡོད། "དགའ་ཕྱོགས་ཀྱིས་ངའི་ཡོད་ཚད་ལ་བདག་བཟུང་བྱས་པས" སྙན་ངག་གྱེར་འདོན་དང་གར་སྟེགས་མདོ་འཛིན། པར་ལེན་སྒྱུ་རྩལ། སྐད་སྒྱུར། གླུ་དབྱངས་སོགས་ནི་རང་གི་ལམ་བྲོ་བཞིན་རུམ་དུ་བཅུག་སྟེ་རྒྱང་རིང་གི་ལམ་ཁར་འཛུམ་གྱིས་སྐྱོད་ཀྱིན་ཡོད།  མཐོ་གཉིས་ནས་བཟུང་རྩོམ་རིག་དང་སྙན་ངག་གྱེར་འདོན་གྱི་ལམ་ལ་ཞུགས་ཏེ་དྲྭ་ལམ་དགོང་ཚོགས་ཆེ་མ་ཆུང་གསུམ་གྱི་འགྲན་སྡུར་དང་ཡུལ་དངོས་འགྲན་སྡུར་སོགས་སུ་ཞུགས་ཏེ་གྲུབ་འབྲས་མི་དམན་པ་རེ་ཐོབ་མྱོང་། མཐོ་གཉིས་ཀྱི་སྐབས་སུ་《སྒེའུ་ཡོལ་དཀར་པོ།》 ཞེས་པའི་སྒེར་དེབ་ཅིག་ཀྱང་མི་ཡུལ་དུ་སྐྱེས་སུ་ཕུལ་མྱོང་ལ་ཚོར་བའི་ང་རོ་ཚང་གིས་མཉམ་དུ་བྲིས་པའི་《ཚོར་བའི་ང་རོ》ཞེས་པའི་དེབ་ཅིག་ཀྱང་པར་བསྐྲུན་བྱས་མྱོང་།བཅུ་བདུན་ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་རའི་སྙན་ངག་གྱེར་འདོན་ཁྲོད་དུ་ཨང་དང་པོ་དང་ཆེས་དགའ་བསུ་ཐོབ་པའི་གྱེར་འདོན་པར་བདམས། ད་དུང་༼ཨ་མདོ་བརྙན་འཕྲིན༽ཁང་གི་༼ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན༽ཞེས་པའི་ལེའུ་བཅུ་བའི་ནང་དུ་རང་ཉིད་ཀྱིས་བྲིས་པའི༼ཨ་མ།༽ ཞེས་པ་གྱེར་འདོན་བྱས་ཤིང་། བཅོ་བརྒྱད་ལོའི་ཟླ་བདུན་པར་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་༼ལང་ཚོའི་གཤོག་པ༽ཞེས་པའི་གྱེར་འདོན་ལས་ཨང་དང་པོ་དང་། ཨ་ལོང་རྟགས་མའི་བོད་ཀྱི་གྱེར་འདོན་འགྲན་སྡུར་གྱི་ལྷུག་རྩོམ་འགྲན་སྡུར་ལས་ཨང་གསུམ་པའི་བྱ་དགའ་ཐོབ་མྱོང་། ཀན་ལྷོ་ཁུལ་སྙན་ངག་གྱེར་འདོན་ཁྲོད་བྱ་དགའ་ཨང་གསུམ་པ་དང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་གསེར་གྱི་སྐད་སྦུག་རྟགས་མའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་དང། སློབ་རའི་གླུ་བ་བཅུའི་གྲས་སུ་ཡང་ཚུད་ཡོད། ད་ལྟ་རྟ་རྒྱུག་མདོ་འཛིན་དང་གར་སྟེགས་མདོ་འཛིན། གཉེན་སྟོན་མདོ་འཛིན་སོགས་བྱེད་ཀྱིན་ཡོད།

གལ་ཏེ་སྐུ་ཉིད་གྱི་རྩོམ་ཡིག་འདི་རུ་འགོད་འདོད་པའམ།ཡང་ན་ངེད་དྲ་ཚིགས་ལ་བསམ་འཆར་གང་ལེགས་འདོན་པ།དེ་མིན་བརྡ་ཁྱབ་དང་མཉམ་འབྲེལ་སོགས་བྱེད་ན་གོང་གི་བཤེར་རིས་ལ་ཕྱགས་འགོད་བྱས་ཆོག

ཀུན་ཕནབོད་ཀྱིགློག་རྡུལ་དཔེ་ཀློག་དྲ་བ།

更盼藏文电子阅览网

འབྲེལ་གཏུག་བྱེད་ཡུལ།

ཁ་པར - 13099301523

ཡིག་ཟམ - gengpanbook@yeah.net

མཛའ་འབྲེལ་དྲ་བ།

གངས་ལྗོངས་འབྲེལ་མཐུད་དྲ་བ།

གཡས་འཁྱིལ་ལས་སྒྲུབ་ཁང་།

བདག་དབང་ཡོད་ཚད་ངེད་ཀུན་ཕན་བོད་ཀྱི་གློག་རྡུལ་དཔེ་ཀློག་དྲ་བར་དབང་བས་གཞན་གྱིས་བརྒོལ་མི་རུང་།

版权所有更盼藏文电子阅览网@Tutti i diritti riservati gengpan tibetano - Reading di Rete

www.gengpanbook.com 陇ICP备19001725