༄༅།།ཀུན་ཕན་བོད་ཀྱི་གློག་རྡུལ་དཔེ་ཀློག་དྲ་བ།

ཁ་གྱའི་ཁྱུང་སྔོན་དང་ཁོའི་གཞས་ཚིག་གླེང་བ།

རྩོམ་པ་པོ - མྱུག་ཆར།

ཨ་ཁུ་ཁྱུང་སྔོན་ནི་ང་ལ་མཚོན་ན་ངོ་ཤེས་རྙིང་བའི་གྲས་དང་ལྷག་པར་དུ་རང་ཉིད་ཤིན་ཏུ་དགའ་སའི་གཞས་ཚིག་རྩོམ་པ་པོ་དང་སྙན་ངག་པ་ཞིག་ཡིན་ཞེས་བཤད་ཆོག་ཆོག་ཡིན།ངས་ཐོག་མར་ཁོ་རང་ངོ་ཤེས་དུས་སློབ་འབྲིང་སྐབས་ཤིག་ཡིན།དུས་ནམ་ཞིག་ཡིན་པ་གསལ་བོ་མི་ཤེས་མོད།ཁོའི་ཐོག་མའི་སྙན་ངག་གི་བརྩམས་ཆོས་ཆེད་དེབ་《ལང་ཚོའི་གླུ་སྐད》ནི་ངའི་འགྲོགས་འདྲིས་ཀྱི་གྲོགས་པོ་དང་རྩོམ་འབྲིའི་དགེ་རྒན་ལྟ་བུ་ཞིག་ཡིན་ཞེས་བཤད་ན་འོས་པའི་ནང་གི་འོས་པ་ཞིག་ཡིན།རྗེས་སོར་ང་རང་གིས་གཙོ་སྒྲུབ་བྱས་ཏེ་ཚིགས་བཅད་སྙན་ངག་གི་འགྲན་བསྡུར་འགའ་རེ་སྤེལ་མྱོང་ལ།དེ་ལས་གཅིག་ཤོས་ལ་ཁོ་རང་གདན་འདྲེན་ཞུས་ཏེ་དཔྱད་འདེམས་པར་ངག་བཅོལ་བྱས་པ་ཡིན།ཁོ་བོའི་ཞིབ་ཚགས་དང་ནན་ཏན།འདྲ་མཉམ་བཅས་ཀྱིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་མྱོང་།

ལོ་འདི་འགར་བསྟུད་མར་《ལང་ཚོའི་གླུ་སྐད》དང་《ལང་ཚོའི་འགྱུར་ཁུགས》《རྐང་གླིང་གི་རོལ་མོ》《ཕྲེང་བ་སེར་པོ》བཅས་སྙན་ངག་ཆེད་དེབ་བཞི་དཔར་སྐྲུན་བྱས་པར་མ་ཟད་ཉིས་སྟོང་བཅུ་དྲུག་ལོར་ཁོ་རང་གིས་འགྲོ་སོང་བཏང་སྟེ།《སྐབས་དང་པོའི་ཚངས་སྲས་བུམ་པ་རྟགས་མའི་སྙན་ངག་འགྲན་སྡུར་གྱི་བྱ་འགུལ》ཞིག་སྤེལ་ཏེ་བོད་རང་གི་རྩོམ་པ་པོ་མང་པོ་ཞིག་གི་བརྩམས་ཆོས་ལ་བྱ་དགའ་སྤྲད་པ་དང་།སྒོས་སུ་ནང་ནས་བརྩམས་ཆོས་ལེགས་གྲས་བརྒྱད་ཅུ་བདམས་ནས་《ཚངས་སྲས་བུམ་པ》ཞེས་པའི་དེབ་ཅིག་དཔར་སྐྲུན་བྱས་པ་རེད།ཡང་ཉིས་སྟོང་བཅུ་བདུན་ལོར་བོད་ཁམས་ཀྱི་སློབ་ཆུང་སློབ་མའི་བྱིས་རྩོམ་འགྲན་སྡུར་《ན་ཆུང་བྱིས་པའི་ཕུགས་འདུན》ཞེས་པ་གཙོ་སྒྲུབ་མཛད་དེ་བོད་ཀྱི་རྩོམ་རིག་དང་སྒོས་སུ་བོད་ཀྱི་རིག་གནས་ཐད་ལ་བྱས་རྗེས་བླ་ན་མེད་པ་ཞིག་བཞག་ཡོད་ཅེས་བཤད་ནའང་ཐལ་ཆེ་མི་འདུག་སྙམ།ང་རང་སློབ་ཆེན་ལོ་རིམ་དང་པོ་ཡིན་དུས་དེར་གཙོས་གྲོང་གི་ནོར་བུ་བཟང་པོ་ཚང་ནས་གྲོགས་པོ་སྤྱི་རྒན་གྱིས་གཙོ་སྒྲུབ་བྱས་ཏེ་བྱིས་པའི་སློབ་གསོ་སྐོར་གྱི་བགྲོ་གླེང་ཞིག་སྤེལ་མྱོང་ལ་དེ་དུས་ཁོ་དང་དངོས་སུ་མཇལ་མྱོང་ཡོད།

 གཞན་ཡང་དུས་རྒྱུན་བོད་ཁུལ་གྱི་རྩོམ་རིག་གི་དུས་དེབ་རྩེ་གྲ《སྦྲང་ཆར》དང་《ཟླ་ཟེར》《གུར་ཀུམ་ཆུན་པོ》སོགས་ཀྱིས་མཚོན་པའི་རྩོམ་རིག་གི་གར་སྟེགས་མང་པོ་ཞིག་ན་ཁ་གྱའི་ཁྱུང་སྔོན་ཞེས་པའི་མིང་འདི་ཡང་ཡང་འབྱུང་གི་ཡོད་པས།རྩོམ་རིག་ལ་བློ་མོས་ཡོད་མཁན་ཞིག་ཡིན་ཕྱིན་མིང་འདི་ལ་རྒྱུས་མངའ་ཡོད་ཁོ་ཐག་རེད།ཏག་ཏག་ད་ལོར་ཁོ་རང་གིས་གཞས་ཚིག་གི་ཆེད་དེབ་ཅིག་བཟོ་གྲབས་ཡོད་པ་ཁོའི་སྐད་འཕྲིན་གྱི་བར་སྟོང་ནས་མཐོང་མྱོང་ལ།དེ་མ་ཐག་གླུ་མ་གདུགས་དཀར་སྐྱིད་ཀྱི《གནས་འགྲོ་མའི་སྐྱོ་གཞས》ཧོར་གཙང་ལྷ་ལུང་འཚོའི《སྐྱིད་ཀྱི་མི་ཚེ》གཞས་པ་ཆུང་ཆུང་རྡོ་རྗེ་རིན་ཆེན་གྱི《ལོ་སར་མཆོད་གླུ》སོགས་ཡིད་ལ་ཤར་ཡོང་།ཉིན་འགའི་མཚམས་ནས་ཁོའི་གཞས་ཚིག་གི་ཆེད་དེབ་དེ་དངོས་སུ་སྒོར་ཐོན་ཡོད་པ་གོ་ཐོས་བྱུང་ལ།དེ་མ་ཐག་དཔེ་ཁང་ཞིག་ལ་སོང་ནས་ཉོས་པ་ཡིན།

ཁོའི་གཞས་ཚིག་གི་དེབ་འདི་ནི་གཞས་ཚིག་བརྒྱ་དང་ལྔ་བཅུ་ཡན་གྱི་བདག་ཉིད་ཅན་ཞིག་རེད་ལ།གཞས་ཚིག་མང་པོ་ཞིག་མཐོང་རྗེས་དེ་ཡི་རྩོམ་པ་པོ་ཁོ་རང་རེད་ཨང་སྙམ་པ་སོགས་བྱུང་ལ།སེམས་ལ་ཡིད་སྨོན་ཞིག་ཀྱང་བཅོས་མིན་དུ་སྐྱེས་སོང་།ཕྱིས་སུ་ཁོའི་གཞས་ཚིག་དང་འབྲེལ་བའི་སྐད་ཆ་ཞིག་བཤད་བསམ་མོད།སྒེར་དོན་འབའ་ཞིག་གིས་ཁོམ་ལུང་མ་བྱུང་བས་ད་རག་བར་ལུས་སོང་།

ང་ཚོར་གནའ་སྔ་མོ་ནས་དར་བའི་གླུ་གཞས་མི་ཉུང་བ་ཞིག་ཡོད་དེ།འཇིག་རྟེན་མི་ཆོས་སྟོན་པའི་དམངས་གླུ་དང་དམ་པའི་ལྷ་ཆོས་སྟོན་པའི་མགུར་གླུ།དཔའ་བོའི་རྟོགས་པ་བརྗོད་པའི་སྒྲུང་གླུ་དང་རང་བསྟོད་གཞན་སྨད་ཀྱི་གླུ་ཤགས།གཞན་སློབ་གསོའི་རང་བཞིན་ལྡན་པའི་ཨ་རྩེད་དང་ཕོ་མོའི་མཛའ་བརྩེ་མཚོན་པའི་ལ་གཞས་སོགས་ཡུལ་ལུང་སོ་སོར་འཁྲབ་ལེན་བྱེད་ཚུལ་གྱི་རྣམ་པ་དང་དབྱངས་རྟ་མི་འདྲ་བ་བགྲང་གིས་མི་ལངས་པ་ཞིག་ཡོད་པ་རེད།དེ་དག་གི་ཚིག་ནི་བོད་རང་གི་དམངས་ཁྲོད་ཀྱི་རིག་གནས་ཀྱིས་ཤན་ཞུགས་ཏེ་རྩམ་དྲི་མར་དྲི་བྲོ་བའི་ཤུལ་བཞག་གི་ཕ་ནོར་རྩ་ཆེན་ཡིན་ཞེས་ཀྱང་བཤད་ཆོག་པ་ཡིན།ངོས་གཞན་ཞིག་ནས་ད་རེབ་ཀྱི་ཁ་གྱའི་ཁྱུང་སྔོན་ལགས་ཀྱིས་གཞས་ཚིག་ཆེད་དེབ《དིང་གླིང་དང་རྒོད་པོའི》ནང་གི་གཞས་ཚིག་མང་ཆེ་ཤོས་ལ་བོད་རང་གི་བྲོ་བས་ཁྱབ་ཅིང་མཐའ་ཡངས་པའི་རྩྭ་ཐང་དང་ནམ་མཁའི་མཐོངས་སུ་བསྙེགས་པའི་གངས་རི།གཏིང་ཟབ་པའི་རྒྱ་མཚོ།ཞི་དུལ་བག་ཡོད་དང་གཞུང་དྲང་ལྷད་མེད།གཞན་ཕན་ལྷག་བསམ།ཁོར་ཡུག་སྲུང་སྐྱོབ་སོགས་ཡ་རབས་དང་མཛེས་སྡུག་གི་རང་མདངས་ཡལ་དུ་མེད་པ་ཞིག་མངོན་ཡོད་པས་ན་དེང་གི་ཚིག་གི་སྡེབ་མི་ལེགས་པ་དང་དོན་གྱི་གནད་མི་ཟིན་པ།དུས་ཀྱི་གཏམ་གྱིས་མ་ཟིན་པའི་གཞས་ཚིག་ཆོ་མེད་རོ་མེད་བྲོ་མེད་དེ་དག་དང་གཏན་ནས་མི་འདྲ་བ་ཞིག་རེད་སྙམ་བྱུང་།ལྷག་པར་དུ་གཞས་ལ་མཚོན་ན་སེམས་ཀྱི་འགྱུར་བ་མཚོན་པར་བྱེད་པའི་ཚིག་གི་ཕྲེང་པ་དང་།ཚིག་གི་ཕྲེང་པ་དེ་ལས་འཕྲོས་པའི་དོན་གྱི་ཟབ་ཚད་ནི་གཞས་ཚིག་གི་ནང་སྙིང་རྡོག་པོ་དེ་ཡིན་ལ།དེ་ནི་གླུ་གཞས་དེའི་སྤྱིའི་གྲུབ་ཆ་གལ་ཆེ་ཞིག་ཡིན་པས།གཞས་པ་ཞིག་ལ་མཚོན་ན་གཞས་ཚིག་ནི་ཅིས་ཀྱང་གལ་ཆེན་དུ་འཛིན་རྒྱུ་ཞིག་རེད་འདོད།དེ་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན་ཏེ།གཞས་ཚིག་མེད་ན་གཞས་ཀྱི་ནང་སྙིང་མེད་པས་སོ།།

 གཞས་ཚིག་ནི་སྙན་ངག་ལྟར་ཚིག་རྒྱན་གྱིས་བཅིངས་པ་ཞིག་གཏན་ནས་ཡིན་མི་ཆོག་པས།རོལ་མོའི་བསྟན་བཅོས་ཀྱི་ལེའུ་གཉིས་པ་ལས།ཡི་གེ་མཉམ་མམ་མི་མཉམ་ཡང་།།ཚིགས་སུ་བཅད་པའི་རྣམ་བཞག་འཇུག།བདེ་འཇམ་དོན་ལ་ཚིགས་བཅད་དམ།།ཡང་ན་རྐྱང་པ་ཅི་བདེར་སྦྱར།།ཀུན་གྱིས་གོ་ཞིང་བརྗོད་པ་བདེ།།དོན་དང་མཐུན་པ་དཔེས་འགྲིག་ལ།།སྔ་ཕྱི་མི་ཟློས་མི་འགལ་ཟླ།།དབྱེ་བསྡུ་ཤེས་ན་མཁས་པ་ཡིན།།ཞེས་གསུངས་པ་ལྟར་ཀུན་གྱིས་གོ་བདེ་ཞིང་གནད་ལ་འཁེལ་བ།སེམས་ཀྱིས་ཚོར་བ།རྣ་ལ་སྙན་པ།ངག་ལ་བདེ་བ་ཞིག་ཡིན་ན་ལེན་མཁན་གྱིས་ལེན་བདེ་ཞིང་ཉན་མཁན་གྱིས་ཉན་བདེ་བ་ཞིག་ཡིན་པས་ཁ་གྱའི་ཁྱུང་སྔོན་ནི་དེ་འདྲའི་གཞས་ཚིག་རྩོམ་པ་པོ་ཞིག་གི་དཔེར་འོས་ལ།ང་ཚོའི་གཞས་ཚིག་འབྲི་མཁན་གྱི་ལས་དང་པོ་བ་ཚོས་སློབ་སྦྱོང་བྱེད་སར་འོས་ཞེས་ངས་མགྲིན་པ་གཟེངས་སུ་བཏེགས་ནས་བཤད་པ་ཡིན།གཞན་ཡང་གཞས་ཚིག་དང་བརྩམས་ཆོས་གང་ཞིག་བཞེངས་བསྐྲུན་བྱ་དགོས་ན་དེ་ལ་དེ་མཐུན་གྱི་འཚོ་བའི་ཉམས་མྱོང་དང་རིག་གནས་ཀྱི་རྒྱབ་ལྗོངས།ཚིག་གི་རྩལ་ཞིག་ཀྱང་འཛོམས་དགོས་པས་ཁ་གྱའི་ཁྱུང་སྔོན་ནི་གཞས་ཚིག་ཐན་ཐུན་རེ་བྲིས་ནས་ཉི་མ་གཏོང་མཁན་ཞིག་མིན་པར་ཉམས་མྱོང་ཅན་དང་རིག་གནས་ཅན།གཞན་ཡང་ཐ་སྙད་བཙོ་སྦྱང་ལ་བྱང་ཡོད་མཁན་ཞིག་ཡིན་པ་ང་ཚོས་ཞར་ནས་རྟོགས་ཐུབ་པ་ཞིག་རེད།

 མདོར་དྲིལ་ན་ཐེངས་འདིའི་ཁ་གྱའི་ཁྱུང་སྔོན་གྱི་གཞས་དེབ་《དིང་གླིང་དང་རྒོད་པོ》འདི་ལས་འཁྲུངས་པའི་ཚིག་གི་སྒྱུ་རྩལ་ཉིད་འཚོ་བ་དངོས་ལས་བྱུང་བའི་དགའ་སྐྱོ་ཆགས་སྡང་ལ་བརྒྱུས་ནས་བོད་ཀྱི་གཞས་པ་གཞས་མ་དག་གི་ངག་སྒོ་ནས་ཐོན་པ་ནི་དགའ་འོས་པ་ཞིག་དང་སྒོས་སུ་བོད་རང་གི་གླུ་གཞས་སྒྱུ་རྩལ་གྱི་ངོས་ནས་དེ་ལས་ཀྱང་དགའ་འོས་པ་ཞིག་ཡིན་པས།ངས་ནི་ཉན་པ་བོ་ཡོངས་ཀྱི་ཚབ་བྱས་ཏེ་ཐག་ཉེ་ནས་ཁོ་ལ་དགའ་བསུ་ཚད་མེད་དང་རྗེས་ཕྱོགས་དེ་ལས་མང་པའི་ཚིག་གི་སྡེབ་ལེགས་ཤིང་དོན་གྱི་གནད་ཟིན་པའི་བརྩམས་ཆོས་མང་པོ་ཞིག་འཁྲུངས་ཐུབ་པའི་སྨོན་འདུན་ཞུས་པ་ཡིན།བཀྲ་ཤིས་བདེ་ལེགས།

2019/3/23ཉིིན་ཀན་སུའུ་དགེ་འོས་སློབ་ཆེན་ནས།

དམེ་ཤུལ་ལྷ་མོ་སྐྱབས།

པིར་མིང་ལ་མྱུག་ཆར་རུ་འབོད།སློབ་འབྲིང་ནས་རྩོམ་འབྲིའི་ལས་ལ་ཞུགས་ནས་བྱ་དགའ་ཁ་ཤས་ཐོབ།མཐོ་འབྲིང་སྐབས་སུ་ «གྲིབ་མའི་ལྷན་པ།» ཞེས་པའི་དེབ་ཅིག་ཕུད་ལ།སྔ་ཕྱིར་ «མཚོ་སྔོན་བོད་ཡིག་གསར་འགྱུར།» «ཁམས་པའི་ཚགས་པར།» «རྔ་བའི་ཚགས་པར།» «བསང་ཆུའི་ན་གཞོན།» «ལུག་ཚང་དཔལ་ཡོན།» «ཁྱུང་སྔོན་དྲ་བ།» སོགས་ཀྱིས་མཚོན་པའི་རྩོམ་སྟེགས་སུ་རྩོམ་ཡིག་མང་པོ་སྤེལ་མྱོང་།

གལ་ཏེ་སྐུ་ཉིད་གྱི་རྩོམ་ཡིག་འདི་རུ་འགོད་འདོད་པའམ།ཡང་ན་ངེད་དྲ་ཚིགས་ལ་བསམ་འཆར་གང་ལེགས་འདོན་པ།དེ་མིན་བརྡ་ཁྱབ་དང་མཉམ་འབྲེལ་སོགས་བྱེད་ན་གོང་གི་བཤེར་རིས་ལ་ཕྱགས་འགོད་བྱས་ཆོག

ཀུན་ཕནབོད་ཀྱིགློག་རྡུལ་དཔེ་ཀློག་དྲ་བ།

更盼藏文电子阅览网

འབྲེལ་གཏུག་བྱེད་ཡུལ།

ཁ་པར - 13099301523

ཡིག་ཟམ - gengpanbook@yeah.net

མཛའ་འབྲེལ་དྲ་བ།

གངས་ལྗོངས་འབྲེལ་མཐུད་དྲ་བ།

གཡས་འཁྱིལ་ལས་སྒྲུབ་ཁང་།

བདག་དབང་ཡོད་ཚད་ངེད་ཀུན་ཕན་བོད་ཀྱི་གློག་རྡུལ་དཔེ་ཀློག་དྲ་བར་དབང་བས་གཞན་གྱིས་བརྒོལ་མི་རུང་།

版权所有更盼藏文电子阅览网@Tutti i diritti riservati gengpan tibetano - Reading di Rete

www.gengpanbook.com 隆ICP备18100102